ངུ་སྒྲྲ

 

རྣམ་རྟོག་ཆག་གྲུམ་གསེབ་ནས་ཟླ་བ་ཡི།།

འོད་དཀར་རྒྱུ་འབྲས་ཕྲ་མོ་བསྒྲུབས་འཚམས་ལས།།

སྔ་ཕྱིའི་འཆམ་གོས་མི་མཚུངས་གར་སྟབས་ཀྱི།།

གཟུགས་སུ་མི་འགྱུར་རྟག་ཏུ་ཉི་གཞོན་སྒུག།


མི་སྙན་དབྱིངས་སུ་ཤོར་བའི་ངུ་སྒྲ་ལས།།

སྡུག་བསྔལ་རང་དབང་ངོམས་པའི་ཆུ་ཐིགས་འཁྲིགས།།

མི་རྟག་འགྲོས་ཀྱི་ཟླ་བོར་མ་གཏད་ཞེས།།

འདུ་བྱེད་འཕྲོ་འདུར་རྒོལ་བར་ཁོང་དགོད་འཆོར།།


ཁྱེད་ཀྱི་འོད་སྣང་ཆ་ཡི་གཟུགས་སྨིན་པའི།།

འབྱུང་རྔུབ་འཐབ་མོ་ཁྲོད་དུ་རིན་ཐང་འཚོལ།།

སོར་རྩེ་ཁྱར་ཁྱོར་བསྐྱོད་པའི་རྗེས་ཤུལ་ལས།།

ཁྱེད་ཀྱི་འོད་སྣང་མཚོན་པར་རྡུལ་ཕྲན་གྱུར།།