༧རྒྱལ་བ་རིན་པོ་ཆེ། གཞན་ཡུལ་ནས་གཤེགས་སོང་ན།
སྤྱི་དོན་ལྡོག་ལྡོག་རང་ཞུས་པ་ཡིན་ན། རྒྱལ་བ་རིན་པོ་ཆེ་ཚང་། རང་ཡུལ་དུ་ཕེབས་མ་པར་གཞན་ཡུལ་གང་ཞིག་ནས་ཞིང་དུ་ཕེབས་ཚེ། དེ་ཡི་ནག་ཉེས་དངོས་ནས་དེ་སུ་ལ་འཁེལ་དགོས་ཀྱི་ཡོད། དེ་ལ་བསམ་བློ་གཏོང་ས་ཆེན་པོ་གཉིས་འདུག གཅིག་ཤོས་དེ་ནི་ཚང་མས་ཤེས་གསལ་རེད། རྒྱ་ནག་སྲིད་གཞུང་གི་ལྟས་ངན་སྲིད་འཛིན་པ་དེ་དག་ལ་ངག་ཁག་དཀྲིས་ཆོག་ཆོག་ཡིན། འོན་ཀྱང་། བསམ་བློ་ཕྱོགས་གཞན་ནས་བཏང་བ་ཡིན་ན། བོད་གཞིས་བྱེས་གཉིས་ལ་འགན་ཞིག་ཡོད།
གཞིས་བྱེས་གཉིས་ཀྱི་རྒྱལ་བ་རིན་པོ་ཆེ་ཚང་བོད་དུ་ཕེབས་རྒྱུར་དངོས་ཤུགས་རྒྱུད་གསུམ་གང་ཅིའི་ཐད་ནས་འབད་བརྩོན་བྱས་ཡོད་དང་མེད་ཟེར་བ་དེ་ཡིན། དེ་ནི་དངོས་ནས་བོད་ཀྱི་མ་འོངས་པའི་གཞོན་རབས་པ་དེ་དག་གི་ད་ལྟའི་མི་རབས་འདི་ལ་དྲི་བ་འདོན་སྲིད་པ་ཡིན་ལ། དེ་ཡི་ལན་ཡང་ད་ལྟ་ནས་གྲྭ་འགྲིག་པོ་ཞིག་བྱེད་དགོས་པ་ཡིན། དེ་ལྟར་བྱེད་མ་ཐུབ་པ་ཡིན་ན། ད་གཟོད་ད་ལྟའི་མི་རབས་འདིའི་བོད་ཀྱི་སྤྱི་ནོར་དུ་འབོད་པའི་རྒྱལ་བ་རིན་པོ་ཆེ་གཞན་ཡུལ་ནས་ཞིང་དུ་ཕེབས་བཅུགས་པའི་ནག་ཉེས་བཀལ་ཆོག་པ་ཡིན།
དེས་ན་རྒྱལ་བ་རིན་པོ་ཆེ། བོད་ཡུལ་དུ་ཕེབས་འདོད་ཡོད་མེད་ཀྱི་བསམ་གཞིགས་ཀྱང་བྱེད་མཁན་དེང་དུས་ཀྱི་མི་རབས་གསར་བ་དག་གི་སེམས་ངོགས་སུ་ཡོང་གི་ཡོད་ལ། སྐད་ཆ་ལྡོམ་པོ་འགའ་དང་འགྲོགས་ནས་ཁ་ཤས་ཀྱི་དེ་ཉིད་བདེན་དུ་རློམ་མཁན་ཡང་བྱུང་གི་ཡོད། དེ་ཡི་རིགས་ནི་དངོས་ནས་བཤད་ན་ཁ་ཤས་ཀྱི་གནད་འགག་ལ་མཐོང་གི་མེད་ཀྱང་། ལོ་དང་ཟླ་ངོ་མང་བོ་སོང་ན། མི་རབས་ཤིག་འཚར་ལོངས་བྱུང་དེ་འོང་དུས། ད་གཟོད་དེ་ཡང་གནད་འགག་གི་སྐད་ཆ་ཞིག་དུ་འགྱུར་ཆོག་པ་ཡིན། དེས་ན་བོད་མི་སྤྱི་བོ་ཡོངས་ཀྱིས་རྒྱལ་བ་རིན་པོ་ཆེ་ཚང་སྐུ་ངོ་མ་བོད་དུ་ཕེབས་འདོད་ཡོད་མེད་དེ་ཡང་གསལ་བོ་ཤེས་དགོས་ཀྱི་ཡོད། རེད་དེ། ང་རང་གི་བསམ་ཚུལ་ཞིག་ཞུས་ན། མི་ཞིག་གི་འདུ་ཤེས་ཀྱི་སྟེང་ནས་བཤད་ན། རྒྱལ་བ་རིན་པོ་ཆེ་ཚང་། རང་གི་སྐྱེ་ཡུལ་དུ་ཕེབས་རྒྱུར་འདོད་པ་ཏན་ཏན་ཡོད་ངེས་ཡིན།
ང་ཚོ་བོད་མི་ཡོངས་ཀྱིས་མཐར་ཐུག་གི་གནད་འགག་གཞན་ཞིག་གསལ་བོ་ཤེས་དགོས་ཀྱི་ཡོད། དེ་ནི་རྒྱ་ནག་སྲིད་གཞུང་གིས་རྒྱལ་བ་རིན་པོ་ཆེ་ཚང་། ཆ་རྐྱེན་གང་ཡང་མེད་པའི་ཐོག་བོད་ཡུལ་ལ་སྐུ་འཚོ་བཞུགས་སྐབས་སུ་གདན་འདྲེན་མ་ཞུས་པ་ཡིན་ན། བོད་མི་སྐྱེ་འགྲོ་ཡོངས་ཀྱིས་དེ་ཡི་ནག་ཉེས་རྒྱ་ནག་སྲིད་གཞུང་ལ་འགེལ་དགོས་པ་ཡིན་ལ། བསྐལ་བ་ཇི་སྲིད་བར་དུ་རྒྱ་ནག་སྲིད་གཞུང་ལ་རྒྱལ་བ་རིན་པོ་ཆེ་ཚང་གི་སྐུ་དབང་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་པའི་དབང་ཆ་གཏན་ནས་མེད་པར་ཡོངས་ཁྱབ་གསལ་བསྒྲགས་བྱེད་དགོས་ཀྱི་ཡོད། ལྷག་པར་དུ་དེ་ནས་བཟུང་། རྒྱ་ནག་སྲིད་གཞུང་ལ་བསམ་ཤེས་བྱེད་ཐུབ་མཁན་གྱི་མི་རབས་ཀྱང་མཇུག་རྫོགས་སྲིད་པ་དེ་རྒྱ་ནག་སྲིད་གཞུང་གི་དཔོན་ངན་དེ་དག་གིས་གསལ་བོ་ཤེས་དགོས་པ་ཡིན།