འོད་ཟེར་ལགས་ལྷ་ས་ཉེན་རྟོག་ལས་ཁང་དུ་ཡོང་དགོས་པའི་ཉེན་བརྡ།

ད་ནངས་ཆུ་ཚོད་༡༡ དང་སྐར་༡༡ ལ་འོད་ཟེར་ལགས་ཀྱི་ལག་ཐོགས་ཁ་པར་ཐོག་ཉེན་རྟོག་ལས་ཁུངས་ནས་ཡིན་ཟེར་མཁན་ཞིག་གི་ཁ་པར་འབྱོར་དེ་ཁྱོད་ཉེན་རྟོག་ལས་ཁང་དུ་ཐེངས་གཅིག་ཡོང་དགོས་ཞེས་བཤད་འདུག མོས་ང་ཉེན་རྟོགས་ལས་ཁུངས་སུ་ཡོང་དགོས་པའི་ཁྲིམས་འགལ་གྱི་བྱ་བ་གང་ཡང་བསྒྲུབ་མེད། ཡོང་གི་མིན་ཞེས་བཤད་འདུག ད་དུང་མོས་ཡོང་དགོས་ན་ཁྱེད་རང་ཚུར་ཤོག ཡིན་ཡང་འཛིན་བཟུང་བཀའ་རྒྱ་ཁུར་ནས་ཡོང་རོགས་ཞེས་ལབ་པ་ཡིན་ཞེས་འཁོད་འདུག དེའི་ལན་དུ་ཉེན་རྟོག་པ་ཡིན་ཟེར་མཁན་དེ་ངས་འཛིན་བཟུང་བཀའ་རྒྱའི་ཡིག་ཆ་བཟུང་ནས་ཡོང་གི་ཡིན་ཞེས་བཤད་འདུག དེ་འཕྲལ་མོ་twitter ལ་འགྲོ་མི་ཐུབ་པ་བཟོས་འདུག་ཞེས་ལབ་འདུག དེ་ནས་མོས་པོད་ཁུག་ཏུ་འཕྲིན་ཐུང་ཞིག་བྲིས་འདུག དོགས་པ་ཟ་དགོས་པ་ཞིག་ལ་ད་བར་མོས་པོད་ཁུག་ལ་གནས་ཚུལ་གསར་པ་གང་ཡང་ཁ་སྣོན་བྱས་མ་སོང་ལ། མོས་འཕྲིན་ཐུང་དེའི་མཇུག་ཏུ་མོས་པོད་ཁུག་ཏུ་ཡོང་མཁན་ཚོས་འཕྲིན་འདི་twitter ནང་འཇོག་རོགས་ལབ་འདུག ཨང་གྲངས་འདི་13989990059 འདི་ཁོང་ལ་ཁ་པར་གཏོང་མཁན་དེའི་ཁ་པར་ཨང་གྲངས་རེད་འདུག ཅེས་ཁོང་གིས་ང་ལ་འགྲེལ་བརྗོད་གནང་སོང།

ངའི་དྲ་གྲོགས་དེ་དང་ངེད་གཉིས་བགྲོ་གླེང་བྱེད་བཞིན་པའི་སྐབས་ཕྱི་ལོ་༢༠༡༠ ཟླ་༡༡ ཚེས་༡ མཚན་མོ་རྒྱ་གར་གྱི་ཆུ་ཚོད་༨ དང་སྐར་མ་༡༧ རེད། ཁོང་གིས་གསུངས་ན། དུས་རྒྱུན་ད་ལྟ་དུས་ཚོད་ཕལ་ཆེ་བར་འོད་ཟེར་ལགས་twitter ཐོག་ཡོང་གི་རེད། ཡིན་ཡང་དེ་རིང་སླེབས་མི་འདུག ད་དུང་མོས་ང་ཉེན་རྟོག་ལས་ཁུངས་སུ་ཡོང་དགོས་པའི་ཁྲིམས་འགལ་གྱི་བྱ་བ་གང་ཡང་བསྒྲུབ་མེད་ཞེས་པའི་ལན་དུ་མི་དེས་ཁྱེད་ཀྱི་ལས་ཀ་ག་རེ་བྱས་ཡོད་ཁྱོད་རང་གི་སེམས་སུ་གསལ་པོ་ཡོད་ས་ཡོད་ཞེས་བཤད་འདུག

ངས་ཁོང་ལ་ཁོང་པེ་ཅིང་དུ་བཞུགས་མེད་དམ། ལྷ་ས་ཉེན་རྟོག་པས་ག་འདྲ་ཞིག་སྐད་བཏང་བ་ཡིན་ན་ཞེས་བརྗོད་པར་ཁོང་གིས། ཕལ་ཆེར་གསུང་སྟངས་དེ་ལ་བལྟས་ན་ད་ལྟ་ལྷ་ས་རུ་ཡོད་པ་འདྲ་ཞེས་གསུང་གི་འདུག གང་ལྟར་བོད་ནང་གི་བོད་མི་རྣམས་ཀྱི་མགྲིན་ཚབ་པ་ལྟ་བུར་གྱུར་པ་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་ལྟ་བུ་བྱས་པ་ཡིན་ན་བོད་མི་རིགས་ཀྱི་གྱོང་གུད་ཚབས་ཆེན་ཞིག་ཏུ་གྱུར་པ་རེད།།