དྲི་ཟའི་བུ་མོའི་རྒྱུད་སྟོང་།
བྱང་ཤམ་བྷ་ལ་ཡི་གྲོང་ཁྱེར་ན། །
དཔའ་འགྲན་མེད་རིགས་ལྡན་འབུམ་ཕྲག་བཞུགས། །
སྐེད་འཁོར་གསུམ་ཅན་གྱི་ཤར་ལོ་ཚོ།།
དཔའ་འགྲན་འདོད་ཡོད་ན་མཉམ་འགྲོ་བྱེད། །
དགྲ་ཀླ་ཀློ་ཐུལ་དུས་སྐྱིད་པོར་གདའ།།
རྗེ་འཁོར་ལོས་སྒྱུར་རྒྱལ་ཁང་བཟང་ན། །
གཟུགས་སྐྱེ་ཡག་བཙུན་མོ་ལྔ་བརྒྱ་ཡོད། །
ལུས་ལྷུ་དྲུག་ལྡེམ་པའི་བོ་ལོ་ཚོ། །
གནས་འགྲོ་འདོད་ཡོད་ན་མཉམ་འགྲོ་བྱེད། །
སྲས་མཚན་བཟང་འཁྲུངས་དུས་སྣང་བ་སྤྲོ། །
འཁོར་ལོ་རིན་པོ་ཆེ་ལྟ་བུའི་གླུ་སྟེ་དང་པོའོ། །
བན་ཆུང་ཆུང་སྡེ་བའི་གཅེས་ཕྲུག་ཚོ། །
གོས་དར་ཟབ་ན་བཟའ་གྱོན་ནས་ནི། །
ཟས་ཞིམ་མངར་གསོལ་དུས་སྣང་བ་སྤྲོ། །
ཚོད་མ་ཟིན་འཁོར་བའི་གནས་ཚང་དུ། །
གཟའ་ཆུང་དགུས་ཨ་ཕ་ཟེར་དུས་ན། །
སེམས་འགྱོད་པས་ཟིན་དུས་ཡི་རེ་མུག །
སྟག་ཤར་ལོ་ཨ་ཁུའི་གཅེས་ཕྲུག་ཚོ། །
རྟ་མདོ་བའི་གོང་གི་གླུ་ཆུང་ལེན། །
དགྲ་ནག་བོ་འདུལ་དུས་ཟིལ་གནོན་ཆེ། །
ཚོད་མ་ཟིན་ཕ་ཁུ་ནང་ནོག་བྱས།།
གནས་ས་མཐའ་སྡེ་མང་གྲོང་མཐའ་ལ། །
སེམས་ཕམ་ནས་འགྲོ་དུས་སྙིང་རེ་རྗེ། །
སྨན་བོ་ལོ་ཨ་མའི་གཅེས་ཕྲུག་མ། །
གནས་ཁྲ་མོ་འཁོར་བའི་སྐྱེད་ཚལ་དུ།།
ཡུལ་སྡེ་བས་བསྟོད་དུས་ཡིད་སྨོན་འཆོར། །
ཚོད་མ་ཟིན་ཡུས་ལ་ཁ་འཁོར་ནས། །
ཁྱིམ་གཟའ་བས་བརྙས་དུས་སེམས་རྩ་སྡུག །
དམག་དཔོན་རིན་པོ་ཆེ་ལྟ་བུའི་གླུ་སྟེ་གཉིས་པའོ།།
དགུང་ཨ་སྔོན་སྤྲིན་དཀར་གུར་ཁང་ན། །
འབྲུག་ཕོ་ཁྱུང་ངར་སྐད་གཏིང་ནས་ལྡིར། །
ཆར་ཟིལ་མའི་རྒྱུན་བཟང་ཐར་ཐོར་འབེབས། །
ཟས་འབྲུ་དྲུག་སྐྱེ་བའི་ཕ་མ་རེད། །
དགོན་ལྷ་ཁང་པད་འདབ་ཡང་སྟེང་ནས། །
སྐྱབས་བླ་མའི་གསེར་ཞལ་ཡང་ཡང་ངོམ། །
ཆོས་ཟབ་རྒུའི་ཞལ་ཏ་རྒྱུན་དུ་གནང༌། །
གནས་ཐར་ལམ་སྟོན་པའི་དེད་དཔོན་རེད། །
སྡེ་ཆེན་པོ་ཧ་ཕྱུག་གོ་ཁ་ན། །
རོགས་ཆུང་ལོ་གོམ་པ་ལྡེམ་ལྡེམ་སྤོ། །
སྐད་འགྱུར་ཁུག་ལ་ཡེས་དར་དིར་ལེན། །
བུ་ཆུང་ཚོ་སྤྲོ་བའི་དགའ་སྟོན་རེད། །
ནོར་བུ་རིན་པོ་ཆེ་ལྟ་བུའི་གླུ་སྟེ་གསུམ་པའོ། །
བྱང་རྫ་སྟོད་ཙག་ངར་ཁང་ཆེན་ནང༌། །
སྤྲང་རྒད་པོ་སློག་ཐེད་གོན་པ་ཅན། །
སེམས་སྡུག་ནས་རྨོངས་གླུ་ཐར་ཐོར་ལེན། །
དཔེ་བཞག་ན་འཇག་མའི་བཤུག་གླུ་འདྲ། །
རི་སེར་ཡག་དབུ་རྩེ་གོང་མ་ན། །
སྨན་སྐྱེ་ཡག་སྣང་བ་མཐོན་པོ་མ། །
རོགས་ན་མཉམ་དྲན་ནས་འགུགས་གླུ་ལེན། །
ཆ་བཞག་ན་རྒྱ་གླིང་འགུགས་མ་འདྲ། །
བྲག་རྩེ་མཐོ་ཕུག་པ་རང་བྱུང་ནང༌།།
སྒོམ་ཉམས་ལེན་ཅན་གྱི་གྲུབ་ཆེན་གྱིས། །
གསུང་མ་བཅོས་མགུར་གླུ་དར་དིར་ལེན། །
དཔེ་བཞག་ན་རྫ་རྔ་རང་བྱུང་འདྲ། །
རྟ་མཆོག་རིན་པོ་ཆེ་ལྟ་བུའི་གླུ་སྟེ་བཞི་པའོ། །
ཡར་ལྟོས་དང་མཚོ་སྔོན་ཡང་དབུས་ན། །
བྱ་ངང་བས་དལ་འགྲོས་ལྷོད་པོར་བྱེད། །
སྡོམ་དམ་ཚིག་ཅན་གྱི་བན་ཆུང་ཚོ། །
ཚུལ་མཛེས་པའི་བྱོན་ལུགས་ཡོས་མོས་རེད། །
ཕར་ལྟོས་དང་བྲག་དཀར་ཡང་སྟེང་ན། །
གླག་རོག་མོ་ཞིག་གིས་གཤོག་རྩལ་སྒྱུར། །
དཔའ་ཡ་མེད་ཅན་གྱི་ཤར་ལོ་ཚོ། །
དགྲ་ཡོད་དུས་འཐབ་ལུགས་ཧོས་མོ་རེད། །
མར་ལྟོས་དང་རྒྱ་རྫོང་ནགས་ཁྲོད་ན། །
བྱ་ཁུ་ལོ་བརྒྱ་ཕྲག་སྟོང་དིར་བྱེད།།
སྨན་བྱུར་མར་འདྲ་བའི་ཡིད་འོང་མ༌།།
གླུ་སྙན་མོ་འགུགས་ལུགས་མོས་མོ་རེད། །
བཙུན་མོ་རིན་པོ་ཆེ་ལྟ་བུའི་གླུ་སྟེ་ལྔ་པའོ། །
ཤར་སྤྲིན་དཀར་མདུན་གི་འཇའ་ཚོན་འདིས།།
ཚིག་སྙན་མོའི་སྙིང་གཏམ་བཤད་ཤེས་ན། །
ངའི་ཆུང་འདྲིས་རོགས་དང་འདྲ་འུ་བསམ། །
མིག་མ་ཚུགས་ཡང་ལྟ་ཡེད་དགོས་ཐུག །
ལག་མེ་ཏོག་སེར་ཆེན་ལན་གསུམ་མཆོད། །
རོགས་ཞེ་མར་ཆེ་ལུགས་དེས་མོ་རེད། །
བྱ་ཁུ་ལོ་རིག་དགའ་ཚོར་སྐྱིད་པོ། །
ཟས་གང་ཞིམ་ཕངས་མེད་སྦྱིན་ཤེས་ན། །
ངའི་དྲིན་ཆེན་མ་དང་འདྲའུ་བསམ།།
སེམས་སྡུག་ནས་མཆི་མའི་ཆར་བ་བབས། །
སྙིང་རྗེ་ནས་མ་ཎི་ལན་གསུམ་བཏོན། །
ང་མ་དུང་ཆེ་ལུགས་དེས་མོ་རེད། །
ཚེས་བཅོ་ལྔའི་ཟླ་བ་འོད་པོ་ཆེ།།
ཆོས་ཟབ་རྒུའི་གདམས་ངག་གནང་ཤེས་ན། །
སྐྱབས་དྲིན་ཆེན་བླ་མར་འདྲ་འུ་བསམ།།
ལུས་གུས་པས་བརྐྱང་ཕྱག་མང་པོ་འཚལ། །
སེམས་དད་པས་གསོལ་འདེབས་ལན་གསུམ་བྱས། །
རྗེ་བླ་མར་དད་ལུགས་དེས་མོ་རེད། །
གླང་པོ་རིན་པོ་ཆེ་ལྟ་བུའི་གླུ་སྟེ་དྲུག་པའོ། །
དབྱར་དྭངས་གཞུང་མེ་ཏོག་སྣ་མང་པོ། །
དགུན་འགོ་མ་ཟེར་དུས་གཅིག་ཀྱང་མེད། །
རྒྱུ་འབྱོར་བ་དེ་དང་འདྲ་མཉམ་རེད། །
སྟོད་དབུས་གཙང་བླ་མའི་བཞུགས་གྲལ་དུ། །
རྒྱུ་མཆོད་གི་ཨི་འགྲོ་རོགས་ལོ་ཚོ། །
དགུང་ནུབ་རིའི་ཧག་གི་གྲིབ་མ་དེ། །
ཁོ་མི་འདུག་དྲུང་དུ་ཚུར་ཚུར་འོང༌། །
ཚེ་མི་རྟག་དེ་དང་འདྲ་མཉམ་རེད། །
བར་ཀཿདཔེ་རྫོགས་གསུམ་ཆོས་གྲྭ་ལ། །
སྒོམ་སློབ་གི་ཨི་འགྲོ་རོགས་ལོ་ཚོ། །
གཟུགས་མཛེས་པའི་འཇའ་ཚོན་ཡིད་འོང་ཚོ། །
དགུང་ཉི་མ་ནུབ་དུས་དབྱིངས་སུ་དེངས། །
གཟུགས་སྐྱེ་ཡག་དེ་དང་འདྲ་མཉམ་རེད། །
སྨད་རྒྱ་ནག་རི་བོ་རྩེ་ལྔ་ལ། །
ཕྱག་འཚལ་གི་ཨི་འགྲོ་རོགས་ལོ་ཚོ། །
བློན་པོ་རིན་པོ་ཆེ་ལྟ་བུའི་གླུ་སྟེ་བདུན་པའོ། །
གླུ་འདི་ལེན་པའི་གང་ཟག་གི་ཚེ་དཔལ་འབྱོར་བ་ཡར་ངོས་ཟླ་ལྟར་འཕེལ། གང་དུ་གནས་པའི་ཡུལ་ཁམས་སུ་ནད་མུག་འཁྲུག་རྩོད་རྒྱུན་ཆད་ནས་དགེ་ལེགས་བཀྲ་ཤིས་ཀྱི་སྣང་བ་འཕེལ་བར་ཐེ་ཚོམ་མེད། དགེའོ།། །།