སྡེ་དགེའི་པར་ཁང་གི་ལོ་རྒྱུས་ངོ་སྤྲོད། འདྲ་པར།
དེ་ནི་སྡེ་ དགེ་རྒྱལ་པོ་གདུང་རབས་ ༤༢ པ་ ཆོས་ རྒྱལ་ བསྟན་ པ་ ཚེ་ རིང་མཆོག་གིས་ ༡༧༢༩ ལོར་ བཞེངས་གནང་བ་ཞིག་རེད། སྡེ་དགེའི་པར་ཁང་ལ༼པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་༽ཞེས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་མཚན་གསོལ་གནང་ཡོད། མིག་སྔར་པར་ཁང་འདིའི་ནང་ཤིང་པར་ཁྲི་༢༩ལྷག་ཡོད་ཅིང་། གཞུང་དང་བསྟན་བཅོས་ཀྱི་ཡིག་འབྲུ་དུང་ཕྱུར་༥ཙམ་ལ་སླེབས་ཡོད་པ་རེད། སྡེ་དགེ་པར་ཁང་ནང་དུ་གཞུང་རྩ་ཆེན་ཉར་ཚགས་བྱས་ཡོད་པ་མ་ཟད། ད་དུང་བོད་བརྒྱུད་ནང་བསྟན་གཞུང་ལུགས་ཀྱི་བརྩམས་ཆོས་མང་པོ་ཞིག་ཉར་ཚགས་བྱས་ཡོད་ཅིང་། ནང་དོན་གྱི་ཆ་ནས་སྐར་རྩིས་དང་། ས་དཔྱད། ལོ་རྒྱུས། ཚད་མ། ཚན་རྩལ། གསོ་རིག སློབ་གསོ། རིག་གནས་དང་བོད་ཡིག་གི་ཡིག་གཟུགས་ལ་སོགས་པའི་བོད་ཀྱི་རིག་གནས་ཀྱི་ཕྱོགས་སོ་སོ་འདུས་ཡོད་པ་རེད། དེ་མ་ཟད། པར་ཁང་འདིའི་ནང་ད་དུང་སྲིད་ན་དཀོན་པའི་གཞུང་དང་བསྟན་བཅོས་རྩ་ཆེན་མང་པོ་ཞིག་ཡོད་ཅིང་། ཤིང་པར་ལག་རྩལ་གྱི་ཤིང་བརྐོས་དང་། སྣག་ཚ། ཤོག་བུའི་བཟོ་རྩལ། པར་འདེབས་སྒྱུ་རྩལ་སོགས་ཡོད་ཚད་དུས་རབས་བཅུ་གསུམ་པའི་སྐབས་ཀྱི་ལུགས་སྲོལ་རྒྱུད་འཛིན་བྱས་ཡོད་པར་བརྟེན། པར་ཁང་དེ་ནི་བོད་དང་ཐ་ན་འཛམ་གླིང་ཡོངས་སུའང་བོད་ཡིག་གི་པར་ཤིང་ཉར་ཚགས་བྱས་པ་ཆེས་མང་ཞིང་། ནང་དོན་ཆེས་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་ཡོད།
འདི་ནི་བོད་གངས་ཅན་པའི་ཆོས་དང་རིག་གཞུང་གི་མ་མཛོད་དང་།
ཆོས་ལུགས་དད་པའི་རྟེན་གཙོ་བླ་ན་མེད་པ་ཞིག་ཏུ་ད་ཆར་གྲུབ་ཡོད།

སྡེ་དགེ་པར་ཁང་། ཕྱིའི་རྣམ་པ།

སྡེ་དགེ་པར་ཁང་དུ་ད་ལྟའང་བོད་ཡིག་གི་པར་ཤིང་དག་ཉམ་ཆག་མེད་པ་ཚགས་ལེགས་པོ་བྱས་ཡོད་པ།

སྡེ་དགེ་པར་ཁང་གི་ལས་ཀ་བ་གཉིས་ཀྱིས་ཆོས་དཔེ་པར་དུ་འདེབས་བཞིན་པ།

སྡེ་དགེ་པར་ཁང་གི་ལས་ཀ་བས་ཆོས་དཔེ་སྒྲིག་བཞིན་པ།
སྡེ་དགེ་པར་ཁང་གི་བར་འཁྱམས།
