འགྱུར་བཞིན་པའི་གྲོང་གི་མྱི་ང་།

ཕྱི་ནས་ནང་ལ་བལྟས་པའི་རྣམ་དཔྱོད་ཅིག།
ནང་ནས་ཕྱི་ལ་ཐོག་པའི་རྣམ་ཤེས་ཤིག།
འགྲམ་དེར་ཅེར་ཞིང་ལུས་པའི་ཕྱི་ཉིན་ནས།།
སེམས་པ་རླུང་གི་བསྐྱེལ་བའི་ལོ་ཟླ་བྱུང་།།

འབྲི་བའི་རྩལ་ལ་བྱང་བའི་ཟིན་ཐོ་ཞིག།
བཙལ་ཡང་རྙེད་དུ་དཀའ་བའི་བརྩེ་བ་ཡི།།
བྲང་ལ་མེ་ཏོག་འཛུམ་པའི་སྔ་རྗེས་སུ།།
སྲོག་གི་ཤེད་ཤུགས་ཟད་པའི་མུ་གེ་མྱངས།།

རུས་པ་དུར་སར་གཏོར་བའི་སྤོབས་པ་ཞིག།
ཤ་ཁྲག་བཙོ་སྤྱོང་བྱེད་པའི་བསྡུས་གཟུགས་ཤིག།
རྣམ་ཤེས་རི་གྲོང་འགྲིམ་པའི་ཉིན་མཚན་དུ།།
གཅེས་པའི་ལང་ཚོ་རྒས་པའི་ཚེ་མཇུག་སླེབས།།

དགོད་པའི་མདངས་ལ་འཁུ་བའི་ཞེན་ཆགས་ཤིག།
སྣང་བའི་རི་མོར་བྲིས་པའི་ཞལ་རས་ཤིག།
སྙན་པའི་དབྱངས་ལ་དྲངས་པའི་གཞས་ཆུང་དེ།།
སྤྲིན་པའི་ཀློང་དུ་སྐུར་བའི་གཏམ་རྒྱུད་གྲུབ།།

སེམས་ལ་སེམས་དུ་བལྟ་བའི་འདུ་ཤེས་ཤིག།
ཉེ་སར་འདུས་བསྡོད་ཆེ་བའི་གཞན་ཡུལ་ན།།
གློག་འཕྲིན་དྲ་བའི་ངོས་ཀྱི་མི་ཚེ་ལ།།
གོམས་པའི་གཤིས་འདི་ང་ཡི་ངལ་གསོ་ཆགས།།