སྐད་ཡིག་གི་ཆེད་དུ་་བྱས་པའི་ངོ་རྒོལ་སྐད་འབོད་སྐོར་གྱི་འཆར་སྣང་།

བོད་ནང་དུ་རྒྱ་ནག་གིས་རང་མི་རིགས་ཀྱི་སེམས་ཁམས་དང་མི་མཐུན་པའི་གཞི་རྩ་མེད་པའི་སྲིད་ཇུས་འདྲ་མིན་སྣ་ཚོགས་མང་པོ་ཞིག་གཏན་འབེབས་བྱས་ཏེ། བོད་མི་རིགས་ཀྱི་བླ་སྲོག་དང་། ངོ་བོ་མཚོོན་བྱེད་རང་མི་རིགས་ཀྱི་སྐད་ཡིག་རྩ་གཏོར་གཏོང་ཆེད་དུ། རྒྱ་ནག་གཞུང་གི་ཚན་པ་འདྲ་མིན་མང་པོ་ཞིག་གིས་སྲིད་ཇུས་འདྲ་མིན་སྣ་ཚོགས་གཏན་འབེབས་བྱས་ནས། བོད་ཀྱི་སྐད་ཡིག་ལ་དུང་ཞེན་ཆེ་བའི་བོད་ཀྱི་དགེ་སློབ་རྣམས་ལྷིང་འཇགས་ངང་སྡོད་དུ་མ་བཟོད་པ་ངོ་རྒོལ་སྐད་འབོད་བྱས་པ་ཡིན་ཞིང་། ཁོ་ཚོས་ངོ་རྒོལ་སྐད་འབོད་བྱས་པའི་ལས་འགུལ་དེ་ལ་མཁས་བླུན་སུས་ལྟས་ནའང་འོས་ཤིང་འཚམ་པ་ཞིག་ཡིན་ལ། གཞིས་བཞུགས་པ་རྣམས་ཀྱིས་མི་རིགས་འདྲ་མཉམ་དང་། སྐད་ཡིག་རང་དབང་ཞེས་པའི་འབོད་སྒྲའི་འོག་རང་མི་རིགས་ཀྱི་ངོ་བོ་དང་བླ་སྲོག་སྲུང་སྐྱོབ་བྱེད་སླད། རང་ཉིད་ཀྱི་ཡོད་ཚད་བློས་བཏང་བྱས་ནས་རང་གི་སྙིང་ཁམས་སུ་རྟག་ཏུ་རྒྱུ་བཞིན་པའི་ཟུངས་ཁྲག་དྲོན་མོ། འཛམ་གླིང་གི་སྐྱེས་བོ་རྣམས་ཀྱི་མདུན་དུ་བསྟན་ནས་རང་ཉིད་ཀྱི་མངོན་འདོད་ངོ་མ་གང་ཡིན་གསལ་སྟོན་བྱས་ཡོད།

གཞིས་བཞུགས་གཞོན་སྐྱེས་བོད་མིའི་སེམས་ཁོང་ཏུ་བརྗེད་དཀའ་བའི་གནས་ལུགས་དེ་དག་གི་རྒྱུད་རིམ་ལ་མནོ་བསམ་ཅུང་ཙམ་གཏོང་ན། དེ་ནི་རྒྱུ་མེད་རྐྱེན་མེད་མིན་ལ། ལྷད་མེད་དྭངས་གཙང་གི་རྒན་རབས་གོང་མ་རྣམས་ཀྱིས་དཀའ་སྤྱད་འབད་འབུངས་བྱས་པའི་ཕྱག་རྗེས་ཀྱི་རྗེས་འབྲས་ཡིན། གཞིས་བཞུགས་རྒན་རབས་གོང་མ་རྣམས་ཀྱི་རྗེས་འབྲས་དེ་དག་ནམ་ཡང་ནུབ་མི་སྲིད་ལ། ཕ་ཤུལ་བུས་འཛིན་བྱེད་པའི་སྲོལ་ལུགས་གངས་ཅན་བོད་པའི་གནའ་སྲོལ་རྣམ་དག་ཅིག་ཡིན། གངས་ཅན་པའི་གཞོན་སྐྱེས་རྣམས་ཀྱི་སེམས་ཁོང་ཏུ་ནམ་ཡང་ནུབ་ཏུ་མེད་པའི་གངས་ཅན་པའི་ཟུངས་ཁྲག་རྒྱུ་བཞིན་ཡོད། ཟུངས་ཁྲག་དེའི་ནུས་ཤུགས་ནམ་ཡང་ཡལ་མི་སྲིད། དེ་ནི་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱི་ཁྲིམས་མཐུན་ཡིན་ལ་ལུགས་མཐུན་ཡང་ཡིན། ཁྲིམས་མཐུན་ལུགས་མཐུན་གྱི་རང་དབང་དང་འདྲ་མཉམ་ནི་རྩོད་ཆོག་པ་ཞིག་ཀྱང་ལོས་ཡིན། གཞིས་བཞུགས་བོད་མི་ཚོས་རང་ཉིད་བློས་བཏང་བྱས་ནས་རང་མི་རིགས་ཀྱི་སྐད་ཡིག་ཙམ་མ་ཚད། ད་རུང་མི་རིགས་ཀྱི་རྣམ་པ་གཞན་དུ་མི་འགྱུར་བའི་ཆེད་དུ་དངོས་ལྐོག་ཅི་རིགས་ནས་ཐབས་ཤེས་ཡོད་ཚད་བཏོན་ཡོད། ཁོང་རྣམ་པའི་སྙིང་སྟབས་དང་རྣམ་དཔྱོད་ལ་དགའ་མགུ་ཡི་རང་མི་ཞུ་མཁན་སུ་ཡོད།

སྐད་ཡིག་ཙམ་མ་ཚད་གངས་ཅན་བོད་ཀྱི་རྣམ་པའི་ཆས་གོས་ཀྱི་ཆེད་དུ་གཞིས་བཞུགས་པ་རྣམས་ཀྱི་དཀའ་སྤྱད་འབད་འབུངས་བྱེད་བཞིན་ཡོད། ཤེས་ཡོན་གྱི་ཆུ་ཚད་སྤུ་རྩེ་ཙམ་ཡང་ཐོབ་མྱོང་མེད་པའི་གཞིས་བཞུགས་ཕ་མ་རྒན་རྒོན་རྣམས་ཀྱིས་ཀྱང་། རང་གི་བུ་ཕྲུག་ལ་རང་མི་རིགས་ཀྱི་ཆས་གོས་གྱོན་དགོས་པའི་སློབ་གསོ་རྒྱུན་དུ་གནང་བཞིན་མཆིས། ཆས་གོས་ནི་མི་རིགས་ཀྱི་རྣམ་པ་ཡིན་པའི་འདུ་ཤེས་ཟབ་མོ་ཞིག་ཤེས་ཡོན་ཐོབ་ཡོད་མེད་ཐམས་ཅད་ལ་མངའ། དཀའ་སྤྱད་དེ་དག་གི་འབྲས་བུ་ལ་བརྟེན་ནས་ད་ལྟའི་ཆར་གཞིས་བཞུགས་བོད་མི་རྣམས་བོད་མི་རྣལ་མ་ཞིག་ཏུ་བསྡད་ཐུབ་པ་བྱུང་ཡོད། གཞིས་བཞུགས་རྒན་རབས་གོང་མ་རྣམས་ཀྱི་རྨད་དུ་བྱུང་བའི་ཐབས་ལམ་དེ་ལྟ་བུ་བཙན་བྱོལ་བས་ནམ་ཡང་བསྒྲུབས་ཐུབ་མེད། རང་ཉིད་ཀྱི་སེམས་ཁོང་ཏུ་མི་རིགས་ལ་ཞེན་པའི་འདུ་ཤེས་ཟབ་མོ་ཞིག་མཆིས་ན། ཁྱད་དུ་འཕགས་པའི་གྲུབ་འབྲས་ཤིག་ཐོན་རྒྱུ་ཡོད་པ་དངོས་པོའི་རང་གཤིས་ཡིན་པས་ལྡོག་ཏུ་མེད། གཟི་བརྗིད་ལྡན་པའི་གཞིས་བཞུགས་རྒན་དར་གཞོན་གསུམ་གྱིས་རང་རིགས་ལ་ཞེན་པའི་འདུ་ཤེས་ནི་རང་གི་སྙིང་ཁོང་གི་ཟུངས་ཁྲག་དང་འདྲེས་ཡོད།

གཞིས་བཞུགས་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་ངོ་རྒོལ་སྐད་འབོད་བྱས་པའི་ལད་ཟློས་ལྟ་བུ་ཞིག བཙན་བྱོལ་བའི་སློབ་གྲྭ་དང་ཚོགས་སྡེ་ཁག་གིས་སྤེལ་བཞིན་ཡོད་མོད། དེ་ནི་ཡང་དག་པ་ཞིག་ཏུ་བདག་མ་མཐོང་། དེ་ལས་བཙན་བྱོལ་བའི་དགེ་སློབ་རྣམས་ཀྱིས་ཆེས་ཐོག་མ་རང་ཉིད་ལ་གཤགས་བཅོས་ཡང་དག་པ་ཞིག་གཏོང་དགོས། དེ་ནས་རང་ཉིད་ཀྱི་སེམས་ཁོང་ཏུ་རང་རིགས་ལ་ཞེན་པའི་ལྷད་མེད་དྭངས་གཙང་གི་སེམས་བསྐྱེད་ཅིག་རྙེད་ན། ཡོད་ཚད་རང་མི་རིགས་ཀྱི་ཆེད་དུ་བློས་གཏོང་ཕོད་པའི་སྙིང་སྟོབས་ཤིག་རྙེད་སྲིད། དེ་ལྟར་བྱུང་ན་རང་གིས་ངོ་རྒོལ་སྐད་འབོད་སོགས་ཇི་ཙམ་བྱས་ཐུབ་ན་འོས་ཤིང་འཚམས། བཙན་བྱོལ་བའི་དགེ་སློབ་ཡོངས་ཀྱིས་རང་ཉིད་ལ་གཤགས་བཅོས་གང་ཡང་མ་བྱས་པར་གཞིས་བཞུགས་བོད་མིའི་ལད་ཟློས་ཇི་ཙམ་བྱས་ཀྱང་ཕན་ཐོག་ཅི་ཡང་མེད། ཕན་མེད་འུར་ཟིང་གི་བྱ་འགུལ་གང་ཡིན་ཡང་དེ་ལ་ཡང་དག་པའི་གྲུབ་འབྲས་ཅི་ཡང་འབྱུང་མི་སྲིད།

བཙན་བྱོལ་བས་གང་ཡང་བློས་བཏང་མི་ནུས་པའི་བློ་འཁུམ་སེམས་འཁུམ་དང་སྟོབས་མེད་ཞུམ་པའི་འབྱུང་ཁུངས་ཀྱང་། ཆེས་ཐོག་མར་བཙན་བྱོལ་དུ་འབྱོར་བའི་རྒན་རབས་རྣམས་ཀྱིས་རང་གི་བུ་ཕྲུག་ལ་བརྒྱུད་སྤྲོད་བྱས་པའི་སློབ་གསོའི་ངན་འབྲས་དང་། དེ་བཞིན་དུ་དགེ་རྒན་དང་། གཞུང་གི་ཤེས་ཡོན་སྲིད་ཇུས་སོགས་དང་འབྲེལ་བ་དམ་ཟབ་ཡོད་པ་གོ་མ་ཆག སྙིང་སྟོབས་ཅན་གྱི་རྒན་རབས་གོང་མ་ཁག་གཅིག་ཕུད། རང་གི་ལྟོ་གོས་ཙམ་གྱི་ཆེད་དུ་བཙན་བྱོལ་དུ་འབྱོར་བའི་སྟོབས་མེད་ཞུམ་ཅན་ཧང་ཅང་མང་དྲགས་པའི་རྐྱེན་ལས། དེ་དག་གིས་རང་ཉིད་ཀྱི་བུ་ཕྲུག་རྣམས་ལ་རང་ཉིད་ཀྱིས་ལྟོ་གོས་འཚོལ་ལུགས་ཀྱི་སློབ་གསོ་ངན་པའི་འོག་འཚར་ལོང་བའི་བུ་ཕྲུག་ཀྱང་ཇེ་མང་དུ་སོང་། བུ་ཕྲུག་དེ་དག་གི་བུ་ཕྲུག་དེ་བས་ཇེ་མང་ནས་ཇེ་མང་དུ་སོང་སྟེ་དེ་དག་གི་ཤན་ངན་དྲི་མའི་ཐིགས་པ། རྗེས་སུ་གསར་དུ་འབྱོར་བའི་བོད་ཕྲུག་སྣབ་ལུག་རྣམས་ཀྱི་མགོ་ལ་ཟག་ནས་དེ་དག་ཀྱང་རང་ལྟོ་ཙམ་གྱི་ཆེད་ལས་གཞན་ཅི་ཡང་བྱེད་མི་ཐུབ་པ་གྱུར་ཡོད།

རང་ཉིད་ཀྱི་ཁ་སྟབས་བཟོ་ལྟ་ལ་གང་ཡང་མི་སེམས་པར་ད་དུང་གཞིས་བཞུགས་བོད་མིའི་ལད་ཟློས་བྱས་ནས་མིང་རྟགས་བསྡུ་རུབ་དང་ངོ་རྒོལ་སྐད་འབོད་ཇི་ཙམ་བྱས་ཀྱང་། དེ་ནི་རྒྱུས་ཡོད་གཞན་གྱིས་ལྟས་ན་བགད་མོའི་གནས་ཁོ་ན་ཡིན། བསམ་ཤེས་ཅན་གྱིས་ལྟས་ན་དང་པོ་རང་ཉིད་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་རང་ཉིད་ལེགས་ལམ་དུ་སོང་ཟིན་རྗེས། གཞི་ནས་ཕ་རོལ་པོའི་བྱེད་སྟངས་ལ་ངོ་རྒོལ་སྐད་འབོད་བྱས་ན་གནས་ལུགས་ཡོད་པའི་ངོ་རྒོལ་སྐད་འབོད་ཅིག་ཡིན། མི་སྒེར་རང་ཉིད་ཀྱིས་བོད་ཀྱི་སྐད་ཡིག་བོད་མིའི་བླ་སྲོག་ཞིག་ཏུ་ངོས་འཛིན་བྱེད་རྒྱུ་ལྟ་ཞོག ངས་བོད་ཡིག་མི་ཤེས་ཞེས་ངོམ་སོ་བྱེད་པ་དང་། ང་བོད་ཡིག་སྐྱོ་པོ་ཡོད་ཅེས་སྤོབས་པ་བྱེད་པ། རང་ཉིད་ཀྱི་ལྟ་སྣང་མཐོང་ཕྱོགས་མི་ལེགས་པ་ཞིག་ཡོད་ན་དེ་བོད་ཡིག་དགེ་རྒན་གྱི་ཅི་ཞིག་འདྲ་པོ་འདུག་ཅེས་བོད་ཡིག་ཙམ་མ་ཟད་བོད་ཡིག་དགེ་རྒན་ལ་མཐོང་ཚུལ་མི་ལེགས། དེས་གང་མཚོན་ནམ་ཞེ་ན། བོད་མི་རིགས་ཀྱི་ཡབ་མེས་གོང་མ་རྣམས་ཀྱིས་དཀའ་སྤྱད་འབད་འབུངས་གྲངས་ལས་འདས་པས་གདན་དྲངས་པའི། ཆེས་གཟི་བརྗིད་ལྡན་པའི་རིག་གཞུང་ཟབ་མོ་ལ་རིན་ཐང་ཅི་ཡང་མེད་པ་སེམས་བཞིན་ཡོད་པའི་དངོས་རྟགས་ཡིན། བོད་མི་རིགས་ཀྱི་བླ་སྲོག་སྐད་ཡིག་དང་བོད་མི་རིགས་ཀྱི་རྣམ་པ་ཆས་གོས་སོགས། བོད་དྲི་དང་རྩམ་དྲི་ཅུང་བྲོ་བའི་རིགས་ཐམས་ཅད་ལ་སྨ་འབེབས་དང་མཐོང་ཆུང་འཕྱ་སྨོད་སོགས་ངན་སྨྲས་བྱས། དེ་འདྲའི་ངན་སྨྲས་བྱེད་མཁན་གྱི་རིགས་ལ་བོད་ཡིག་དང་བོད་སྐད་ལ་དུང་སེམས་དང་ཤ་ཞེན་ཡོད་དམ་ཞེས་འདྲི་ན། ཁྱོད་ཀྱིས་ལེན་ཇི་ལྟར་འདེབས་རྒྱུ་ཡིན་ནམ།

བཙན་བྱོལ་བའི་དགེ་སློབ་རྣམས་ཀྱིས་ཐོག་མར་རང་རང་གི་སློབ་གྲྭའི་མདུན་ཐང་དུ་(སྐད་ཡིག་ལ་རང་དབང་དགོས་)ཞེས་ངོ་རྒོལ་སྐད་འབོད་བྱས་ཏེ། རང་རང་གི་སློབ་གྲྭའི་སློབ་དེབ་དང་ཡང་ན་སློབ་སྲོལ་རྒྱུད་རིམ་ལ་འགྱུར་བ་བཏང་ནས་བོད་ཡིག་དང་བོད་སྐད་རྣལ་མ་ཞིག་བསླབ་སའི་ར་བ་ཞིག་འགྱུར་ན། གཞི་ནས་གཞན་གྱིས་བོད་ཀྱི་སྐད་ཡིག་རྩ་གཏོར་གཏོང་བའི་སྲིད་ཇུས་ལ་ངོ་རྒོལ་བྱེད་ན། དོན་དམ་པའི་ངོ་རྒོལ་སྐད་འབོད་དང་། ཡང་དག་པའི་ངོ་རྒོལ་སྐད་འབོད། གཞི་རྩ་ཡོད་པའི་ངོ་རྒོལ་སྐད་འབོད། ཚད་དང་ལྡན་པའི་ངོ་རྒོལ་སྐད་འབོད་ཅིག་ཡིན། དེ་མིན་རང་ཉིད་མི་སྒེར་ལ་སེམས་ཚོར་གང་ཡང་མེད་པ་ལད་ཟློས་ཁོ་ནའི་ངོ་རྒོལ་སྐད་འབོད་ནི་གཏམ་རྒྱུད་འཁྲབ་སྟོན་ཞིག་དང་འདྲ་ལ། དེར་བརྟེན་ངོ་རྒོལ་སྐད་འབོད་སྐབས་བགད་མོ་འཛུམ་འཛུམ་ངང་ཁྲོམ་གཞུང་སྐོར་བསྐྱོད་བྱེད་པ་ཙམ་ལས། གདོང་ལ་སྐྱོ་བའི་ཉམས་ཙམ་ཡང་ཤར་ཐུབ་མེད་པས་སེམས་ལ་གདུང་བ་ཞིག་ཡོད་པའི་དངོས་རྟགས་གང་ཡང་མཐོང་རྒྱུ་མི་འདུག

གསར་འགོད་པ་ཚོས་ངོ་རྒོལ་ཁྲོམ་སྐོར་སྐབས་ཀྱི་འདྲ་པར་ཞིག་གསར་ཤོག་དང་དྲ་ངོས་སུ་འཇོག་བསམ་ནའང་འཇོག་འོས་པའི་འདྲ་པར་ཞིག་དཀོན་ཚོད་རེད། འདྲ་པར་ཇི་ཙམ་བརྒྱབ་ཀྱང་ཐམས་ཅད་འཛུམ་མུལ་མུལ་ཞིག་ལས། སྐྱོ་གདུང་མི་བཟོད་པའི་སྨྲེ་སྔགས་བགྲང་མཁན་ཞིག་དང་གཏན་ནས་མི་འདྲ་བ་སྤྲོ་སྐྱིད་ཁྲོམ་སྐོར་ཞིག་དང་མཚུངས། དེ་ནི་རྣམ་འགྱུར་མི་ལེགས་པའི་འཁྲབ་སྟོན་མཁན་གྱིས་གཏམ་རྒྱུད་འཁྲབ་པ་དང་གཉིས་སུ་མེད། སེམས་ལ་སྐྱོ་གདུང་མེད་ན་ལུས་ལ་སྐྱོ་ཉམས་ཡོང་དོན་མེད་པའི་དཔེ་ལྟར་ལོས་ཡིན་སྙམ། བོད་སྐད་ལས་དབྱིན་སྐད་གཅེས་ཤིང་བོད་ཡིག་ལས་དབྱིན་ཡིག་འདམ་པའི་བཙན་བྱོལ་བའི་དགེ་སློབ་ཀུན་གྱིས་ངོ་རྒོལ་ཁྲོམ་སྐོར་ནི་འཁྲབ་སྟོན་ནམ་ལད་ཟློས་ཁོ་ནའི་རྣམ་པ་ཙམ་ཡིན།