ཕ་ལམ་དཀར་པོའི་རང་མདངས།

 

འཕགས་བོད་པཎ་གྲུབ་ཡོངས་ཀྱི་མིག་སྔར་ན།།

གངས་ཅན་གཙུག་ལག་རིག་པའི་རྒྱ་མཚོ་ཆེ།།

ངལ་མེད་ཧུབ་ཐེངས་གཅིག་གིས་བཏུང་ཙ་ན།།

རིས་མེད་མཁས་པའི་མཚན་གྱི་འཛུམ་ཁ་རྒོད།།


ཡོངས་རྫོགས་མཁས་པས་རིག་པ་བདར་ས་ན།།

རྣམ་དཔྱོད་རྩལ་གྱིས་བང་ཁ་འགྲན་ས་ན།།

མཁས་རྒུ་མགུ་བའི་མཆོད་སྤྲིན་བཤམས་ས་ན།།

རིགས་ལམ་འཕྲུལ་གྱི་མདའ་མོས་དགྲ་ཁ་གཏོར།།


རིག་པའི་རྦ་རླབས་འཕྱོར་བའི་ཚོགས་དབུས་ན།།

མདོ་སྔགས་གཞུང་ལུགས་ཟབ་མོའི་དཀའ་གནད་དག།

རིགས་ལམ་ཉི་གཞོན་གསར་པ་འཆར་ཙ་ན།།

དགེ་ལྡན་ཁྲི་འཕངས་མཐོན་པོར་གཟི་བྱིན་འབར།།


སྐྱབས་གཅིག་ཞི་བདེ་མགོན་པོའི་མངའ་འོག་ན།།

ལོག་སྨྲས་གཡོ་འཕྲུལ་གཤམས་པའི་ཁ་གཏད་ན།།

བཤད་གཡང་མུན་པས་བསྒྲིབས་པའི་ཚུལ་ལུགས་འདིར།།

སྣང་བྱེད་འོད་སྟོང་འཕྲོ་བ་ཁྱོད་ཉིད་ཙམ།།


རྣམ་དཔྱོད་གཤོག་ཟུང་འགྲན་པའི་འདུ་ར་ན།།

ལྷ་གཅིག་ཕྱག་ན་པད་མོའི་མདུན་ས་ན།།

མི་འགྱུར་རྡོ་རྗེའི་དམ་བཅའ་ལྷོད་མེད་ཀྱིས།།

རླབས་ཆེན་ཐུགས་སྐྱེད་ཡངས་པོས་རྒྱལ་ཁམས་གསལ།།


རིག་གསར་ལོག་སྨྲ་སྟོང་གི་མིག་ངོགས་ན།།

གངས་ཅན་མཁས་གྲུབ་ཀུན་གྱི་དབུས་མ་ན།།

ཡོད་མེད་རིག་པས་དཔྱོད་པའི་དུས་སྐབས་ན།།

མཐུན་མིན་རྟགས་མཚན་ངོམས་པའི་སྟོན་མོ་བཤམས།།


དེ་སྔར་བྲིས་ཟིན་པའི་མ་དཔེ་འཁྲི་སྣོན་ཅུང་ཙམ་བྱས་ཏེ།

༢༠༡༠། ༡༡། ༧ ཉིན་གྱི་དགོང་མོར་རང་ཤག་ཏུ་བྲིས།།