སེར་ཤུལ་ནས་སྐད་ཡིག་རང་དབང་གི་འབོད་སྒྲ།

དེ་ཡང་ཕྱི་ལོ་ཉིས་སྟོང་བཅུ་ལོར་སེར་ཤུལ་དགོན་དུ་སློབ་གཉེར་བྱེད་བཞིན་པའི་གྲྭ་རྐྱང་སྐོར་ཞིག་གིས་མ་བསྐུལ་དང་བླངས་ཀྱིས་རང་གི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་༼སེར་ཤུལ་སྐད་ཡིག་རྒྱུན་སྐྱོང་ཚོགས་པ༽ཞེས་པ་བཙུགས་ཏེ་ཚོགས་མི་ཚོས་རང་སྐད་ཀྱི་ནང་གཞན་སྐད་བསྲེ་སྦྱོར་བྱས་ཚེ་སྒོར་ལྔ་དང་དེ་མིན་གྱི་བོད་མི་སྐྱ་སེར་སུས་སྦྲགས་སྐད་རྒྱབ་ཚེ་སྒོར་གཅིག་ཉེས་ཆད་གཅོད་རྒྱུའི་ལས་འགུལ་སྤེལ་ཏེ་རང་གི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དང་། བོད་སྐད་གཙང་མ་སྤྱོད་དགོས་པའི་སྐོར་གྱི་ཡིག་ཆ་སྦྱར་འགྲེམས་དང་སྦྲགས་ཚོང་ཁང་དང་ཟ་ཁང་སོགས་ཀྱི་ནང་དུ་ཉེས་ཆད་སྒོར་བླུག་སྣོད་འགྲེམས་འཇོག་བྱེད་སྐབས་དེ་གར་གནས་སྡོད་བྱེད་པའི་རྒྱ་མི་ཚོས་ཁྱེད་ཚོས་བོད་སྐད་གཙང་མ་བེད་སྤྱོད་བྱས་ཚེ་ང་ཚོས་གོ་ཡི་མི་འདུག་ཟེར་ནས་རྙོག་གྲ་སློང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་ཀྱང། ལས་འགུལ་མུ་མཐུད་རྒྱུན་སྐྱོང་བྱེད་ཐུབ་ཡོད་པས་ད་ལྟ་བར་དུ་བོད་སྐད་གཙང་མ་བཤད་རྒྱུའི་ཕྱོགས་ལ་ནུས་གང་འཚམས་ཐོན་ཡོད་འདུག

 

འོན་ཀྱང་ཕྱི་ཚེས་བདུན་ཉིན་སེར་ཤུལ་རྫོང་དུ་ཡོད་པའི་འཐབ་ཕྱོགས་གཅིག་སྒྱུར་ཡན་ལག་ལས་ཁང་གི་མི་སྣ་ཚོས་ཉེས་ཆད་བླུག་སྣོད་ཀྱི་སྒམ་ཆུང་ཡོངས་རྫོགས་བཙན་འཕྲོག་བྱས་སྟབས། གྲྭ་པ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྩིས་བྱས་ཀྱང་འབྲེལ་ཡོད་དགེ་རྒན་སོགས་ཀྱིས་རྙོག་གྲ་ཆེན་པོ་ཡོང་དོགས་ཀྱིས་རེ་ཞིག་བཀག་འགོགས་བྱས་ཡོད་འདུག འོན་ཀྱང་གྲྭ་བ་ཚོས་རང་སྐད་རང་གིས་སྲུང་སྐྱོབ་བྱེད་མི་ཆོག་པའི་བཙན་བཀའ་དེར་ཡིད་མ་རང་བར་ཉིན་དེའི་མཚན་མོར་རང་རང་ས་ནས་དགོན་པའི་ཕྱི་ལོགས་སུ་ཐོན་དེ་མི་རིགས་རང་གི་སྐད་ཡིག་རང་གིས་སྲུང་སྐྱོབ་བྱེད་རྒྱུ་ནི་རྒྱ་ནག་གི་རྩ་ཁྲིམས་གང་དང་ཡང་འགལ་མེད་པས་ང་ཚོར་སྐད་ཡིག་རང་དབང་གི་ཐོབ་ཐང་དགོས་ཞེས་པའི་འབོད་ཚིག་བསྒྲགས་པ་དང། འབོད་ཚིག་གི་ནང་དོན་མཚོན་པའི་སྦྱར་བྱང་ཁྱེར་ནས་སེར་ཤུལ་རྫོང་དུ་སྐྱོད་སྐབས་རྫོང་གི་ཉེ་འགྲམ་ས་ནག་ལ་ནས་གཉེན་རྟོག་མི་སྣས་བཀག་འགོག་བྱས་ཡོད་འདུག གྲྭ་བ་ཚོས་ང་ཚོའི་རེ་འབོད་དང་ལེན་མ་བྱས་པར་དུ་གང་དུ་ཡང་འགྲོ་ཡི་མིན་ཟེར་ནས་དེ་གར་བསྡད་དེ། ངོ་རྒོལ་ཤུགས་ཆེན་བྱས་ཡོད་པའི་གནས་ཚུལ་བྱུང་འདུག སྐབས་དེར་དེ་ལ་རྒྱབ་སྐྱོར་བྱེད་མཁན་འབུམ་རྙིང་ཕྱོགས་ནས་སྐྱ་སེར་སུམ་བརྒྱ་ལྷག་ཅིག་གིས་ཀྱང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག་ལ་ད་ལྟའི་སྐབས་སུ་ཛ་དྲག་ངང་གནས་ཡོད་པའི་གནས་ཚུལ་འདུག

{jcomments on}