བཟི་གཏམ།
ང་རྒྱ་ཞ་བོས་རང་ངོགས་ལྷད་མེད་ཕ་ལམ་དཀར་པོའི་བྲག་རི་འཛིན།།
མཐོང་ཆུང་རྒྱ་མོས་ཨུ་ཚུགས་ནན་གྱིས་གཞན་ལ་བརྫི་བར་རིན་ཐང་རློམ།།
ཡི་དཱགས་བསམ་པས་གཡོས་སྦྱོར་བྲེལ་འཚུབ་མི་གཙང་གཅི་བ་རང་སར་དོར།།
རྙིང་རུལ་དྲི་མས་སྣ་རུ་འཚང་ཡང་རང་སྐྱོན་མ་མཐོང་ཁྱོད་ཀྱི་སེམས།།
རྒྱ་མཚོའི་ཆུ་ཡིས་བསྐལ་པར་བཀྲུས་ཀྱང་མི་ནུས་དྲི་མ་ཁྱོད་ཀྱིས་བསྒོམས།།
ཞལ་ནས་བསྐྱུགས་པའི་འོ་མ་དཀར་མོ་ཧབ་ཆིའི་རྡུལ་ཕྲན་གང་སར་སྐྱུར།།
སྒོ་གསུམ་ཚེར་མོའི་གོ་འཁྲབ་ཁྲོད་དུ་ང་རྒྱལ་རྒྱ་མོས་མཛེས་སྡུག་ངོམས།།
རྟེན་འབྱུང་ཞེས་པའི་ཚིག་སྦྱོར་དེ་ནི་རྣ་བས་མྱོང་བ་ཨེ་ཡོད་སྙམ།།
རྩེ་མོའི་ཤིང་ནས་ཅ་ཅོ་བསྒྲགས་པ་བརྗོད་བྱ་ཟབ་མོ་ཡོད་རེ་ཡང་།།
ཏིང་འཛིན་སྒེག་མོ་གྲོགས་སུ་བསྒོམས་པའི་རྣལ་འབྱོར་དྲོན་མོའི་རང་སེམས་དཀྲོགས།།
སྐྱེན་ཅིང་མྱུར་བའི་གཡོ་སྒྱུའི་ཐབས་འཕྲུལ་དྲག་ཞིར་འགྱུར་ཚད་ཁྱོད་ལ་སླ།།
ས་ཁྲའི་ལེབ་མོ་ལག་ཏུ་འཁྱེར་ཏེ་རྙོག་ལམ་ཁྲོད་དུ་བདེ་ནས་བསྐྱོད།།