ཁོ་བོས་འདི་ལྟར་བརྗོད་པར་འདོད།
ཁོང་ཚོས་ལུས་ངག་ཡིད་གསུམ་ན་བོད་མི་རིགས་དང་རྒྱལ་ཁབ་ཀྱི་འདས་མ་ད་གསུམ་གྱི་བྱུང་རབས་མཐའ་དག་གསལ་ལྷང་ལྷང་སེམས་གཏིང་ལ་ཉར་ཡོད་ལ།་ལྕིད་ཏུག་ཏུག་གི་གོམ་ཁ་མདུན་སྤོས་བྱེད་བཞིན་བོད་དང་བོད་མིའི་ལས་དབང་ལ་བསམ་བློ་མང་པོ་མང་པོ་ཞིག་དེས་གཏན་དུ་བཏང་ཡོད་སྲིད།
གཡོ་ཟོལ་དང་མགོ་སྐོར་བསླུ་བྲིད་སོགས་ཇུས་ངན་གྱི་རིགས་ལ་ནམ་ཡང་བདེན་པར་མི་འཛིན་ལ་རམ་འདེགས་ཀྱང་མི་བྱེད་མཁན་གཞིས་བཞུགས་སྤུན་ཟླ་ཚོས་ལྷག་བསམ་དང་དྲང་བདེན་སྨྲ་མེད་ཐོག་དོན་སྙིང་དང་གཟི་བརྗིད་ལྡན་པའི་ལས་འགུལ་འདྲ་མིན་ཞིག་སྐབས་དང་དུས་སུ་སྤེལ་བཞིན་ཡོད་པ་དང་།
ལྷག་པར་ཁ་ཙམ་མིན་པར་དོན་གྱི་༧གོང་ས་མཆོག་གིས་གསེར་ཞལ་མྱུར་འཇལ་ཡོང་བའི་རེ་འདུན་ཟབ་མོ་དང་ས་ཡ་དྲུག་གིས་སེམས་ཀྱི་མངོན་འདོད་ཆ་ཚང་གྲུབ་ཆེད་དུ་དད་གདུང་འགོག་མེད་སྔོན་སོང་གི་འདི་ལྟར་ཞི་བའི་གྱེན་ལངས་བྱེད་བཞིན་ཡོད་པ་ལས་གཞན་མགོ་གཡོག་དང་མགོ་སྐོར་ཡང་ན་ལན་དང་རྣམ་སྨིན་སོགས་གང་ལ་ཡང་རེ་བ་རྒྱབ་མེད་པ་ཁ་གསལ་གཏིང་གསལ་རེད།
དེ་རིང་ཡང་ཨ་མདོ་རེབ་གོང་གཙོས་ས་ཁུལ་མང་པོ་ཞིག་ན་ན་གཞོན་སློབ་མ་ཚོའི་འདི་ལྟར་བོད་མི་རིགས་འདིའི་རང་དབང་དང་མང་གཙོ་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་སོགས་ཀྱི་ཆེད་དུ་ཚེ་སྲོག་གི་འགྲོ་སོང་གཏོང་བཞིན་ཡོད་པར་ངས་སེམས་གཏིང་ནས་གུས་རྩི་དང་ཡི་རིང་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་ཡོད།
འོན་ཀྱང་བློ་མི་བདེ་ཡིད་མ་ཚུམས་པ་ཞིག་ཡོད་པ་ནི་སྐབས་དང་དུས་ཀྱི་འཁོར་བསྐྱོད་མིག་གིས་མི་མཐོང་རྣ་བས་མི་ཐོས་བློ་ཡིས་མི་དཔྱད་མཁན་བཙན་བྱོལ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཚོས་ཁ་ཙམ་གྱིས་ལས་འགུལ་གྱི་གནས་སྐབས་རིང་བཙན་བྱོལ་བ་ཚོར་སྐྱོབ་གསོ་རོགས་རམ་ཙམ་རེ་རེག་ཐབས་ལས་མཐར་ཐུག་གིས་བོད་ཀྱི་སྲིད་འབྱོར་རིག་གསུམ་ཉམ་པ་སླར་གསོ་དང་མ་ཉམ་དར་སྤེལ་བྱེད་རྒྱུར་ཕན་ནུས་གང་ཡང་ཐོན་རྒྱུ་མེད་པ་ཟུར་བལྟས་ལེབ་མཐོང་རེད།
དེ་ན་ཉིན་དེ་རིང་ནས་ལེ་ལོ་དང་རྒྱུད་ལུགས་བག་ཡངས་སོགས་གཉིད་དུ་ཡུར་བའི་དུས་སྐབས་འདི་རྒྱང་རིང་རྒྱང་རིང་དུ་དོར་ནས་ཤ་རུས་གཅིག་པའི་ན་གཞོན་སློབ་མ་ཚོའི་རླབས་ཆེན་གྱི་ལས་འགུལ་དེའི་ཕན་འབྲས་མི་དམན་པ་རེ་འབྱུང་ཆེད་དུ་ཕྱོགས་ཡོངས་ནས་ཁ་བཤད་ཙམ་མིན་པར་གཞོག་འདེགས་རྣལ་མ་རེ་སྒྲུབ་རྒྱུར་འབད་རྩོན་ལྷོད་མེད་བྱེད་རྒྱུ་དང་།
དེ་ལས་ཀྱང་ཤེས་དགོས་ངེས་ཞིག་ལ་གཞིས་གཞུགས་སྤུན་ཟླ་ཚོས་ཕྱོགས་ཡོངས་ནས་མི་རིགས་དང་རིག་གཞུང་གི་སྲོག་རྩ་གཅིག་པུ་སྐད་དང་ཡི་གེའི་ཉམ་རྒུད་ཚེ་སྲོག་གི་སླར་གསོ་བྱེད་བཞིན་པ་འདི་ནི་རང་དབང་ལུང་པར་སྐྱིད་ཉལ་བྱེད་མཁན་གྱི་བོད་མི་ཚོ་དང་ལྷག་པར་གནས་འདི་ནས་ང་ཆེ་ཁོི་བཙན་དང་ངས་འཇོན་ང་མཁས་ཀྱི་ནུས་ལྡན་སྣེ་ཁྲིད་པ་ཚོའི་མིག་གིས་མཐོང་ས་དང་སེམས་ཀྱིས་ཟབས་ས་ནས་གནས་ལུགས་འདིའི་རྒྱབ་ལྗོངས་རྟོགས་པའི་ཐོག་ཁ་ཙ་དགོས་གཏུག་གི་ཕྱག་ལས་རེ་གནང་རན་རེད་ཅེས་ཁོ་བོས་ཅི་ནུས་ཀྱང་བརྗོད་པར་འདོད།
 བོད་དུང་བས། 
 
