རིག་ན་སྙིང་རྗེ་ཁུལ་གྱིས་ལག་ཟུང་དེ་བསྲིངས་ཡོང་།།
མ་རིག་གཏིང་ནས་བརྗེད་པའི་སེམས་ཅན་འདིའི་རིགས་ལ།།
ཡར་རྗེས་འགྲོ་བའི་ལམ་ཁ་ཇེ་ཆུང་ནས་ཇེ་ཆུང་།།
དེ་ཉིད་མཐོང་དུས་སེམས་པ་འཁྱགས་རླུང་གིས་གཙབ་སོང་།།
རང་རིགས་རང་སྐད་ཟེར་ནས་བོད་ཡུལ་ནས་གླེང་སོང་།།
ཕྱི་ནས་ལད་ཟློས་ཙམ་གྱི་ཁ་གཡང་ཞིག་བོས་སོང་།།
དོན་ལ་ཕྱི་ནང་གཉིས་ལ་གནམ་ས་འདི་ཡོད་སྟབས།།
རེ་བ་ས་ནས་མི་སྐྱེས་སེམས་ཐག་ཞིག་གཅོད་བྱུང་།།
དྲིས་ན་ཡོད་ཚད་བཤད་པའི་མཁས་པ་ནི་མང་ལ།།
ལག་ལེན་དོན་ལ་སྟོང་བའི་དེང་རབས་ཀྱི་ང་ཚོས།།
རང་གི་འགྲོ་འདུག་་ཙམ་ལ་བོད་མི་ཡི་སྐྱིད་སྡུག།
ཁ་ཞེ་གཉིས་མེད་མིན་པའི་ངང་ཚུལ་འདི་སྐྱོ་བྱུང་།།