ལྕམ་ཨང་སན་སུ་ཅེ་གློད་གྲོལ་བཏང་འདུག
ཟླ་འདིའི་ཚེས་༡༤ ཉིན་བྷི་བྷི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཚེས་༡༣ ཉིན་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན། འབར་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སན་སུ་ཅེ་ལོ་༢༠ བཀག་ཉར་བྱས་རྗེས་གློད་གྲོལ་བཏང་ཡོད་པ་དང། སྐབས་དེར་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་འཛིན་དང། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་སོགས་ཀྱིས་དགའ་བསུ་ཞུས་ཡོད་པ་རེད། ལྕམ་ཨང་སན་སུ་ཅེ་མཆོག་གིས་གསར་འགོད་པར། གོ་སྐབས་འདི་ནི་གཞུང་དང་ལྷན་དུ་གྲོས་མོལ་གྱི་ཐབས་ལམ་མི་འདྲ་བ་ཞིག་གི་ཐོག་འགྲོ་བའི་དུས་ཡིན་པ་དང། དེ་བཞིན་འབར་མའི་མི་མང་དང་རྒྱལ་སྤྱིའི་རྒྱབ་སྐྱོར་བ་ཚོས། ངའི་འཆར་འགོད་ཀྱི་གོམ་སྟབས་འདི་ལ་དགོངས་ཚུལ་གང་ཡོད་མེད་ཉན་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
ཡང་ཁོང་གིས། གློད་གྲོལ་སྐབས་དགའ་བསུ་ཞུ་མཁན་མི་མང་ལ། ང་མི་གཅིག་གིས་གང་ཡང་བྱེད་ཐུབ་ཀྱི་མ་རེད། ང་ཚོ་མང་གཙོ་ཚོགས་པའི་མི་ཚང་མས་མཉམ་རུབ་ཀྱིས་ལས་ཀ་བྱེད་དགོས་པ་དང། ད་ལྟ་ཚར་མ་ཐག་པའི་འོས་བསྡུ་དེས་མི་མང་ཁ་བྲལ་བཏང་ཡོད་པས། ང་ཚོས་ཆིག་སྒྲིལ་དང་འདུམ་འགྲུག་གི་ལམ་ཁ་འཚོལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ལ། དེ་བཞིན་ཁྲིམས་ཀྱི་དབང་སྒྱུར་དང་འགྲོ་བ་མིའི་ཐོབ་ཐང། སྨྲ་བརྗོད་རང་དབང་གལ་ཆེ་ཤོས་ཡིན་ཞིང། མི་སུ་ཡིན་རུང་ལས་དོན་གང་བྱེད་རང་ཉིད་ལ་དབང་ཆ་ཡོད་པས་གལ་ཆེ་ཤོས་སེམས་ཤུགས་ཆགས་མི་རུང་ཞེས་དང་།
ཁོང་གིས་མུ་མཐུད་ནས། ད་ལྟ་ཚར་མ་ཐག་པའི་འོས་བསྡུ་དེ་དྲང་བདེན་བྱུང་ཡོད་མེད་ལ་དྲི་བ་མང་པོ་ཡོང་གི་འདུག་པས་ངས་འདིའི་ཐད་ལ་ལས་ཀ་བྱེད་ཀྱི་ཡིན། བསྐྱར་དུ་ང་བཙོན་འཇུག་བཀག་ཉར་བྱེད་ཀྱི་རེད་བསམ་ནས་ལས་དོན་མང་པོ་ཞིག་ལ་གཡོལ་རྩིས་མེད། ང་བསྐྱར་དུ་བཙོན་འཇུག་བྱེད་པའི་གནད་དོན་མང་པོ་ཞིག་ཡོང་སྲིད་པ་དང། མི་སུ་ཡིན་རུང་བཀག་ཉར་འོག་ཏུ་ཡོད་སྐབས་རྒྱུན་ལྡན་ལྟར་མིན་པར་ལས་ཀ་བྱེད་ཐུབ་ཀྱི་མེད། ད་ལྟའི་སྐབས་ང་རང་ལོ་༦༥ ལ་སོན་ཟིན་པ་དང། སྨྲ་བརྗོད་རང་དབང་ནི་མང་གཙོའི་སྒྲོམ་གཞི་ཡིན་པ་དང། ང་ཚོས་རྒྱལ་ཁབ་འདི་བསྒྱུར་བཅོས་གཏོང་འདོད་ཡོད་ན་ལུགས་མཐུན་གྱི་ལངས་ཕྱོགས་ཤིག་བཟུང་ནས་ལས་ཀ་མཉམ་ལས་བྱེད་དགོས། སྤྱིར་འབར་མ་བ་ཚོས་ལས་ལ་ཡིད་ཆེས་བྱེད་ཀྱི་ཡོད་ཀྱང། ང་ཚོས་ལས་ལ་འགྱུར་ལྡོག་གཏོང་དགོས་ན་རང་ཉིད་ནས་འགོ་བཙུགས་ནས་ལས་ཀ་བྱེད་དགོས་ཞེས་སོགས་གསུངས་ཡོད་པ་རེད།།
{jcomments on}