སླར་ཡང་མི་མང་ལ་བོད་གཞུང་གིས་གོ་སྐབས་ཤིག་ཕུལ་སོང།
རང་གི་དེབ་སྐྱེལ་དང་གཞན་ལ་སྐུལ་མ་གནང་རྒྱུ་མ་བརྗེད་པ་གནང་རོགས།
བལ་ཡུལ་དུ་འོས་སྒམ་ཤོར་ནས་འོས་འཕྲོག་བརླགས་ཕྱིན་པ་དང། འབྲུག་གཞུང་གི་ངོས་ནས་བོད་པའི་འོས་གྲངས་ཕྱིར་བསྒྲགས་ཀྱི་གོ་སྐབས་མ་གནང་ནས་འཕྲོག་བརླགས་ཕྱིན་པ་རྣམས།
གཞན་དབང་སྟབས་བསྟུན་གྱི་གནས་བབས་དང་འབྲེལ་བ་ཡོད་པ་དང། བོད་གཞུང་གི་ངོས་ནས་དངོས་གཞིའི་སྐབས་དེ་ལྟར་མི་ཡོང་བའི་ཆེད་དུ་ལས་འཆར་མང་པོ་ཞིག་སྒྲིག་བཞིན་ཡོད་གསུངས་སོང། དེ་བཞིན་མི་མང་གི་ངོས་ནས་ཀྱང་དངོས་གཞིའི་སྐབས་འོས་འཕེན་ལམ་ལྷོང་ཡོང་ཆེད་དུ་བསམ་ཚུལ་དང་རོགས་རམས་གང་ཐུབ་གནང་གལ་ཆེ་བ་མཐོང་ལགས། དེ་ནས་འོས་ཤོག་རྩིས་མེད་སོང་བའི་རིགས་ལ་མཐོང་སྣང་མི་འདྲ་བ་འགའ་བྱུང། དཔེར་ན། འོས་ཤོག་ཁྱབ་བསྒྲགས་སྐབས་ས་ཁུལ་ཁ་ཤས་ནང་འོས་ཤོག་གཅིག་ཀྱང་རྩིས་མེད་སོང་མེད་པ་དང། ཁ་ཤས་ནང་གྲངས་ཀ་ཕོན་ཆེན་རྩིས་མེད་སོང་བའི་རིགས་ཅིག་འདུག དེ་ཡང་མི་མང་གིས་འོས་འཕེན་གྱི་འགེངས་ཤོག་བསྐང་སྐབས་ཡི་གེ་འབྲི་མཁན་དག་དང་མི་དག་ས་ཁུལ་ཚང་མའི་ནང་ཡོང་སྲིད་པ་ཞིག་རེད་མོད། ས་ཁུལ་ཁག་ཅིག་ནང་འོས་ཤོག་ཚང་མ་གྲངས་ཁོངས་སུ་ཚུད་ཡོད་པ་དང། ཡང་ས་ཁུལ་ཁ་ཤས་ནང་འོས་ཤོག་ཕོན་ཆེན་རྩིས་མེད་སོང་བའི་རིགས་གཉིས་བྱུང་ཡོད་པ་དེ། མང་པོ་ཞིག་ས་གནས་སུ་འོས་བསྡུ་གྲངས་གཤེར་གནང་མཁན་ལ་རག་ལས་པའི་རྣམ་པ་མཐོང་བ་ལས། དབུས་ཀྱི་འོས་བསྡུའི་ལས་བྱེད་ཁག་གི་ལམ་སྟོན་གྱི་རྩ་དོན་དང་། ཡང་ན་ས་གནས་འགའི་མི་ཚང་མ་ཡི་གེ་ཡག་པོ་ཤེས་མཁན་དང་འོས་བསྡུའི་སྒྲིག་གཞི་ཤེས་མཁན་ཡིན་པ་དང། ཡང་ས་གནས་ཁ་ཤས་ནང་ཡི་གེ་མི་ཤེས་མཁན་ དང་འོས་བསྡུའི་སྒྲིག་གཞི་ལེགས་པོ་མི་ཤེས་མཁན་མང་པོ་ཡོད་པའི་གནས་སྟངས་འོག་ནས་བྱུང་བ་ཞིག་རེད་མི་འདུག་སྙམ། དེར་བརྟེན་ངས་འོས་ཤོག་ཁྱབ་བསྒྲགས་སྐབས་ཚུལ་ཇི་ལྟར་རྩིས་མེད་སོང་བའི་སྐོར་མི་མང་ལ་འགྲེལ་བརྗོད་གནང་རོགས་ཞེས་རེ་སྐུལ་ཞུས་པ་བཞིན། རྩིས་མེད་སོང་སྟངས་ཀྱི་སྐོར་འགྲེལ་བརྗོད་ཅུང་ཙམ་གནང་སོང་བས་དེ་དོན་མི་མང་གིས་དོ་སྣང་གནང་སྟེ་འོས་ཤོག་རྩིས་མེད་མི་འགྲོ་བའི་ཆེད་དུ་དོ་སྣང་གནང་གལ་ཆེ་བ་མཐོང་ལགས།
དེ་ནས་དབུས་འོས་བསྡུའི་འགན་འཛིན་གྱིས། བོད་པའི་འོས་འཕེན་ལམ་ལྷོང་ཡོང་ཆེད་དུ་བལ་ཡུལ་དང་འབྲུག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་དང། དེ་མིན་ཡིག་ངག་གཉིས་ཐོག་ནས་གཞུང་དེ་གཉིས་ལ་གནོད་པའི་ལས་ཀ་བྱས་ན། བོད་ཀྱི་འོས་འཕེན་ལ་གནོད་པ་ལས་ཕན་ཐོག་གང་ཡང་མེད་ཚུལ་གསུངས་སོང། མདོར་དོན་འོས་ཤོག་གི་ཆེད་དུ་མི་མང་གི་ལས་འགུལ་སྤེལ་མི་ཆོག་ཅེས་པའི་དོན་རེད་འདུག དེ་བཞིན་ཁོང་གིས། བལ་ཡུལ་གྱི་དཔོན་རིགས་ཚོའི་ངག་ལམ་ནས་བྱུང་བའི་གནས་ཚུལ་ཞིག་གསུངས་ཡོད་པ་ནི། བོད་མི་ཚོས་བཀའ་བློན་ཁྲི་པ་འདེམས་སྐབས་བཀའ་ཁྲི་འདེམས་ཀྱི་ཡོད་མ་བརྗོད་ནས། བོད་ཀྱི་སྲིད་བློན་འདེམས་ཀྱི་ཡོད་ཅེས་བརྗོད་འདུག་པ་དང། དེས་ན་བལ་ཡུལ་གཞུང་གིས་ང་ཚོས་རང་ཉིད་ཀྱི་སྲིད་བློན་འདེམས་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད་པས། ཁྱེད་ཚོས་སྐྱབས་བཅོལ་བ་ཚོས་སྐྱིད་པོ་གཏོང་ནས་བོད་པའི་སྲིད་བློན་འདེམས་པ་དེ་འགྲིག་གི་མ་རེད་ཅེས་བརྗོད་མཁན་བྱུང་འདུག དེ་ནི་དངོས་ཡོད་རེད་བོད་གཞུང་གི་ཡིག་ཆ་གང་དུའང་སྲིད་བློན་འདེམས་ཀྱི་ཡོད་ཅེས་བྲིས་ཡོད་མ་རེད་ཅེས་གསུངས་སོང། དེའི་དོན་ནི་བཀའ་ཁྲི་འདེམས་ཀྱི་ཡོད་བརྗོད་དགོས་པ་ལས་སྲིད་བློན་འདེམས་ཀྱི་ཡོད་ཅེས་བརྗོད་མི་ཆོག་པའི་དོན་རེད། དེ་ཡིན་ན་དེ་ལས་ཀྱང་ཚིག་ཤུགས་ཆེ་བ་ནི་རྒྱ་གར་གྱི་དབྱིན་ཡིག་ཚགས་པ་དང། བལ་ཡུལ་གྱི་དབྱིན་ཡིག་ཚགས་པར་ནང་སྲིད་བློན་གྱི་དོན་ཁོ་ནའི་ཐོག་ནས་བརྗོད་ཡོད་པས་དེ་དག་ལ་ལམ་སྟོན་བཀའ་སློབ་ཅིག་གནང་དགོས་པ་མཐོང་ལ།
དྲ་གྲོགས་རྣམ་པ་ཚོ་གོང་དུ་བརྗོད་པ་དག་ལ་བགྲོ་གླེང་གནང་ན། དངོས་ཡོད་དང་རིག་པ། དེང་རབས་དང་མཐུན་པ། ཚིག་སྦྱོར་བེད་སྤྱོད་གཏོང་སྟངས་སོགས་ལུགས་མཐུན་གནང་རོགས་ཞེས་ཞུ་འདོད་བྱུང། དེ་མིན་དོན་ལ་མི་གནས་པར་གང་ཟག་ཅིག་ཆོས་ཅན་དུ་འཕེན་ནས་དེ་ལ་ཚིག་སྡུག་པ་ཤ་སྟག་བེད་སྤྱོད་བཏང་ན་ཕན་ཐོག་མི་འདུག དགོངས་པ་མ་འཚོམས་ངས་བགྲོ་གླེང་ལ་སྔོན་འགྲོ་ཆ་རྐྱེན་བཏོན་པ་དེ་གུས་ཞབས་མེད་པ་ཆགས་སོང་།