ངེས་ལེགས་འདྲེན་པའི་ཕོ་ཉ།

 

ལྟ་བ་རྣམ་དག་ཀླུ་སྒྲུབ་དགོངས་དོན་རྟོགས།།

སྒོམ་པ་རྣམ་དག་ཞི་ལྷག་ཟུང་དུ་འབྲེལ།།

སྤྱོད་པ་རྣམ་དག་སྡོམ་གསུམ་རྒྱལ་མཚན་འཆང་།།

ཁྲི་ཐོག་བརྒྱ་པ་བློ་བཟང་རྒྱལ་བ་དངོས།།

གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་རྒྱ་ཆེ།།

བསྐྱེད་རྫོགས་རིམ་པ་གཉིས་ལ་བསམ་པ་ཡངས།།

ལྔ་གསུམ་བཅོ་ལྔའི་ལམ་ལ་སྒོམ་པ་ཟབ།།

ཁྲི་ཐོག་བརྒྱ་པ་བློ་བཟང་རྒྱལ་བ་དངོས།།

འཆད་ན་གདུལ་བྱའི་རེ་བ་ཡོངས་སུ་བསྐངས།།

རྩོད་ན་ལོག་སྨྲ་རྒོལ་བའི་གོ་སྐབས་དབེན།།

རྩོམ་ན་མཁས་བརྒྱའི་དགྱེས་པའི་ལེགས་བཤད་འགྱུར།།

ཁྲི་ཐོག་བརྒྱ་པ་བློ་བཟང་རྒྱལ་བ་དངོས།།

མཁས་པས་གདན་ས་གསུམ་ན་མཚན་སྙན་རྒྱས།།

བཙུན་པས་ཚངས་སྤྱོད་ཀུན་གྱིས་གཙུག་ཏུ་བཀུར།།

བཟང་བས་སློབ་མ་ཁྲི་ཕྲག་མཐའ་ནས་བསྐོར།།

ཁྲི་ཐོག་བརྒྱ་པ་བློ་བཟང་རྒྱལ་བ་དངོས།།

མཇལ་དཀའ་རྒྱལ་བའི་བསྟན་པ་དངོས་སུ་མཇལ།།

ཐོབ་དཀའ་མི་ལུས་རིན་ཆེན་ལན་ཅིག་ཐོབ།།

འཕྲད་དཀའ་བཤེས་གཉེན་ཆེན་པོ་ཁྱེད་དང་འཕྲད།།

རྟོགས་དཀའ་གཞུང་ཆེན་ཁག་གི་དོན་སྤྱི་རྟོགས།།

དེ་ན་རིན་ཆེན་གླིང་དུ་སླེབས་པའི་མིས།།

རིན་ཆེན་མ་བླངས་ལག་སྟོང་ལོག་པ་བཞིན།།

དལ་རྟེན་ལན་ཅིག་ཐོབ་པའི་ལུས་རྟེན་འདིར།།

ཆོས་ཤིག་མ་བྱས་ཤི་ཚེ་ཤིན་ཏུ་འགྱོད།།

དེས་ན་ཁོ་བོ་དལ་རྟེན་དོན་གྱུར་པ།།

གང་སྐུ་དངོས་སུ་བྱོན་པའི་ཅིའི་ཕྱིར་མིན།།

གང་གི་དངོས་སློབ་འཇིག་རྟེན་གྲུ་ཟུར་ན།།

གསོལ་བ་ལན་བརྒྱར་ཞུས་པ་ཨེ་གསན་ལགས།།

སྔོན་ཚེ་བདག་གིས་མཁས་མང་བློ་གསལ་གླིང་།།

གྲྭ་ཚང་ཆོས་མཛད་གཏོང་སྒོ་རྒྱག་པའི་སྐབས།།

མཁས་མང་འདུས་པའི་དབུས་སུ་སེངྒེའི་ཁྲིར།།

གདན་ཞུས་དགྱེས་བཞིན་བྱོན་པ་སྐལ་བ་བཟང་།།

དེ་ཚེ་བདག་གི་དག་པའི་སྣང་བའི་ངོར།།

གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།

དངོས་སུ་བྱོན་པ་མངོན་སུམ་མཇལ་བ་ཡང་།།

གང་ལ་དད་པའི་མིན་ན་ཅི་ཞིག་ལགས།།

ཁྱེད་ཀྱི་མཛད་རྗེས་ཡངས་པའི་འཇིག་རྟེན་ན།།

བཞག་པ་རི་རྒྱལ་ལྷུན་པོའང་ཆུང་བར་གྱུར།།

གསང་གསུམ་རྟོགས་པ་ཀློང་དུ་རྡོལ་བ་ཡང་།།

འདའ་ཁར་ཐུགས་དམ་ཡུན་རིང་བཞུགས་པའི་ཤེས།།

འཇམ་མགོན་བླ་མ་རྗེ་བཙུན་ཙོང་ཁ་པ།།

དངོས་སུ་བྱོན་པ་ཁྲི་ཐོག་བརྒྱ་པ་ཞེས།།

མཁས་པ་ཀུན་གྱིས་མགྲིན་གཅིག་བསྒྲགས་པ་ཡང་།།

ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་དུ་གྱུར།།

ང་ཡི་བླ་མ་ཁྲི་ཐོག་བརྒྱ་པ་རྗེ།།

དགའ་ལྡན་གནས་དང་བདེ་བ་ཅན་ལ་སོགས།།

དག་པའི་ཞིང་ཁམས་གང་དུ་བཞུགས་ཀྱང་རུང་།།

འཁོར་གྱི་ཐོག་མ་ཉིད་དུ་སྐྱེ་བར་ཤོག། །།