དད་རླབས་ཚོམ་བུ།
ཀུན་གྱི་ཡིད་དབང་རབ་འཕྲོག་པའི།།
སྐུ་ཡི་མེ་ཏོག་མཚན་དཔེའི་འཛུམ།།
དྲི་མེད་ཟླ་བའི་དཀྱིལ་འཁོར་བཞིན།།
མདོ་ཁམས་ཚ་བའི་ཡུལ་དུ་བཞད།།
མདོ་སྔགས་སྦྲང་རྩི་མངར་མོའི་བཅུད།།
དབུས་འགྱུར་ཆོས་ཀྱི་ཞིང་ས་རུ།།
ཟླ་མེད་བློ་གསལ་མཁས་མང་གི།
བྱེ་བའི་གླིང་དུ་ཚིམས་པ་འཐུང་།།
རབ་འབྱམས་གཞུང་ལུགས་རྒྱ་མཚོ་ཆེ།།
ཟླ་མེད་བློ་གྲོས་ཧུབ་གཅིག་གིས།།
འཐུང་ནས་མཁས་པའི་པད་གདན་སྟེང་།།
བཞེངས་མཛད་ཁྱོད་ལ་ཕྱག་འཚལ་ལོ།།
ཞི་དུལ་ཁྲིམས་གཙང་གྲྭ་རྐྱང་གི།
སྐྱེས་པའི་མལ་ས་འཛིན་ན་ཡང་།།
ཐོས་དང་སྒོམ་པའི་གཟི་འོད་དང་།།
བཤད་སྒྲུབ་དཔལ་གྱིས་རྒྱལ་ས་བཟུང་།།
གཞུང་བརྒྱ་མ་འདྲེས་འཆད་པ་ལ།།
རྨད་བྱུང་འོད་ཀྱིས་འཁྱུད་པ་ཡི།།
ཟླ་བྲལ་མཆོག་གི་ལྗགས་ཀྱི་རྩེ།།
ལྷ་ཆེན་ཚངས་པའི་མགྲིན་ལས་སྐྱེས།།
སྲིད་ཞིའི་ཆོས་ཀྱི་གནས་ལུགས་དང་།།
ཀུན་རྫོབ་སྒྱུ་མའི་ངོ་བོ་ལ།།
ལོག་རྟོགས་དྲི་མ་ཀུན་སྲེག་པའི།།
རྩོད་ལ་རིག་པའི་མེ་ལྕེ་འབར།།
རྒྱལ་ཀུན་མཁྱེན་པའི་ཕུང་པོའི་ཁམས།།
དམར་སེར་གདངས་ཀྱིས་འཁྱུད་པ་ཡི།།
འཇམ་དཔལ་གཞོན་ནུའི་བློ་གྲོས་དཔལ།།
ཁྱོད་མངའ་ལོག་རྟོགས་བྲག་རི་བསྙལ།།
མཐའ་ཡས་འཁོར་འདས་ཆོས་ཀུན་གྱི།།
ཤེས་བྱའི་གནས་ལུགས་ཕྲ་མོའི་གནས།།
དཔོག་པའི་རྟེན་འབྱུང་རིགས་པའི་རྒྱལ།།
ཇི་བཞིན་སྨྲ་བའི་ཁོ་ལག་རྫོགས།།
སྲིད་དང་ཞི་བ་ལས་བརྩམས་པའི།།
ལེགས་བཤད་བསྟན་བཅོས་སྙན་པའི་ངག།
དབྱངས་ཅན་མགྲིན་པ་ལས་དྲངས་ཏེ།།
ལྷུན་པོའི་གཏོས་དང་མཉམ་པ་མཛད།།
གནའ་དང་དེང་གི་སྙན་དངགས་ཀྱི།།
མཁན་པོའི་སྤོབས་པ་གདེངས་ཀའི་དཔལ།།
གཙུག་ནོར་གདན་དུ་བཏིང་མཛད་པའི།།
ལེགས་བཤད་ཉི་ཟླའི་རི་བོ་བརྩེགས།།
བཤད་སྒྲུབ་ཉི་ཟླ་ཟུང་ཏུ་འབྲེལ།།
འོད་སྤུངས་མེ་ཆེན་རབ་ཏུ་འབར།།
བདག་གཞན་དྲི་མ་ཀུན་ཏུ་སྦྱངས།།
དོན་གཉིས་ཆེན་པོ་རབ་ཏུ་རྫོགས།།
མཁས་པའི་སྙན་པ་དྲི་བཞོན་དང་།།
འགྲོགས་ཏེ་གོ་ལ་ཟླུམ་པོའི་སྤོ།།
བརྒལ་ནས་ས་བཅུའི་སེམས་དཔའ་ཆེ།།
སྤོབས་པའི་མགོ་བོ་ཐང་ལ་བསྙིལ།།
དེ་ཉིད་རྟོགས་པའི་བློ་གྲོས་དང་།།
གཞན་ཕན་བྱམས་དང་སྙིང་བརྩེ་བའི།།
རབ་གསལ་ཉི་གཞོན་འཆར་ཀའི་མདངས།།
ཤར་རིའི་རྩེ་ནས་འཕགས་པར་འདུད།།
སྙིགས་མའི་དུས་ཀྱི་རྒུད་པའི་ཚོགས།།
རླབས་ཀྱི་གཉེར་མའི་འགྲོས་བཞིན་དུ།།
སྐྱེ་འགྲོའི་ཚོགས་རྣམས་མནར་བའི་ཚེ།།
ཁྱོད་ཉིད་གདུང་སེལ་ནོར་བུའི་གཏེར།།
ཉིན་བྱེད་དབང་པོའི་འོད་ཆེན་དང་།།
ཟླ་བ་གཞོན་ནུའི་འཛུམ་བག་གིས།།
ཁྱོད་ཉིད་གང་དུ་ཕེབས་བཞུད་ཀྱི།།
རྗེས་སུ་གཟི་བྱིན་འོད་རླབས་རྒོད།།
འགྲན་མེད་ཁྱོད་ཐུགས་གཟི་བརྗིད་ལས།།
འཆད་རྩོད་རྩོམ་པའི་མཛད་རྗེས་འབར།།
དད་པའི་མེ་ཏོག་རབ་བཞེད་པའི།།
སློབ་བུའི་ཚོགས་ཀུན་འདྲེན་ལ་འདུད།།
ཁྱོད་སྐུ་ཞིང་དུ་གཤེགས་ན་ཡང་།།
ཏིང་འཛིན་མི་གཡོ་རྩེ་གཅིག་ཏུ།།
དོན་དམ་དབྱིངས་ལ་བཞག་པ་ཡིས།།
དེང་གི་རིག་གསར་སྐྱེངས་པར་གྱུར།།
མགོན་ཁྱོད་ཟླ་བ་བཞུད་ན་ཡང་།།
དྲི་མེད་ཉི་གཞོན་འཆར་ཀའི་མདངས།།
ཡིད་འོངས་ཤར་རིའི་དབུ་རྩེ་ནས།།
མྱུར་དུ་འཕགས་པའི་གསོལ་བ་འདེབས།།
ཁྱོད་ཀྱི་བྱམས་བརྩེའི་ཕྱག་ཟུང་གིས།།
མི་ཕྱིད་དད་པས་རབ་མྱོས་པའི།།
སློབ་བུའི་ཚོགས་རྣམས་མི་འདོར་བ།།
ཡང་སྤྲུལ་མྱུར་དུ་འཆར་བ་ཤོག།