༄༅།།ལྟོས་གྲུབ་རིགས་པའི་རྣམ་གཞག་སྐོར་མདོ་ཙམ་གླེང་བ།
(空间བར་སྟོང་ཞེས་བསྒྱུར་བ་མང་དུ་སྣང་ཡང་། འདི་ཅི་ཡང་མེད་པའི་དངོས་མེད་སྟོང་བ་ལ་གོ་རྒྱུ་མིན་ཏེ། དངོས་པོ་གཏན་ནས་མེད་པའི་སར་བར་སྟོང་ཞེས་པ་འདིའི་རྣམ་གཞག་འཇོག་ཏུ་མེད། ཅེས་དང་། དེ་ནི་ཚད་དང་བར་ཐག་དང་ཁྱབ་ཁོངས་སོགས་ཀྱི་དོན་ལ་འཇུག་པ་དང་། ངོས་གསུམ་བར་སྟོང་ཞེས་པའང་ཆུ་ཞེང་སྲིད་གསུམ་གྱི་བདག་ཉིད་ཅན་དུ་བཤད་པས་བར་གྱི་སྟོང་ཆ་ལ་གོ་རྒྱུ་མིན་པའི་ཕྱིར་ན་དེ་ལ་བོད་སྐད་དུ་བར་ཁོངས་ཞེས་བརྗོད་ན་བདེ་སྙམ་སྟེ་དཔྱད། འདིས་འོག་མ་རྣམས་ལའང་འགྲེ། )གཉིས་པོ་ལྟོས་གཞི་མ་འདྲ་བ་ལ་ལྟོས་ནས་འགྱུར་ལྡོག་འགྲོ་བར་འདོད་པ་བསྟན་ཅིང་། ཕྱིས་སུ་ལྟོས་གྲུབ་རིགས་པ་དེ་ཉིད་སྦྱར་ཡུལ་གྱི་ཁྱབ་ཁོངས་རྒྱ་ཆེར་བསྐྱེད་ཀྱིས་འཇིག་རྟེན་ཁམས་ཀྱི་སྣང་ཚུལ་འཆད་པའི་སྐབས་སུ་འབྱུང་བའི་འགུགས་ཤུགས་སམ་འཐེན་ཤུགས་ཞེས་པ་ལའང་བཀོལ་ཏེ་སྒྲ་ཡངས་འཇུག་གི་ལྟོས་གྲུབ་རིགས་པ་ཉིད་བྱུང་བ་ཡིན་ནོ། །
སྒྲ་དོག་འཇུག་གི་ལྟོས་གྲུབ་རིག་པ།
ལར་ལྟོས་གྲུབ་རིགས་པ་ཞེས་པ་ནི། དུས་ཚོད་དང་བར་སྟོང་ངམ་ཡུལ་དང་དུས་གཉིས་པོ་ལྟོས་མེད་རང་དབང་གི་ཚུལ་ཏུ་གྲུབ་པ་མ་ཡིན་པར། ལྟོས་གཞི་མི་འདྲ་བ་ལ་ལྟོས་ཏེ་འགྱུར་བ་དང་བཅས་པའི་ཚུལ་གྱིས་གྲུབ་པས་ན་དེ་སྐད་དུ་བརྗོད་པ་ཡིན་པ་གང་ཞིག་ལ། བྱེ་བྲག་སྒྲ་དོག་འཇུག་གི་ལྟོས་གྲུབ་རིགས་པ་ནི། མྱུར་དལ་གྱི་འགྲོས་ཚད་འདྲ་མིན་ལ་ལྟོས་པའི་སྒོ་ནས་དུས་དང་ཡུལ་གྱི་འགྱུར་བ་འགྲོ་ཚུལ་སྟོན་པ་སྟེ། དཔེར་ན་འོད་ཀྱི་མྱུར་ཚད་ལ་ཉེ་བའི་འཇིག་རྟེན་འཕུར་གྲུ་ཞིག་ལ་ཞུགས་ནས་བགྲོད་པའི་དབང་དུ་བཏང་ན། དེའི་ཚེ་དུས་ཚོད་ལ་སྐྱེད་འཕེལ་བྱུང་བའི་ཚུལ་གྱིས་འགྲོས་དལ་དུ་འགྲོ་ཞིང་། བར་སྟོང་ནང་དུ་ཚུར་སྡུད་པའི་ཚུལ་གྱིས་ཇེ་ཆུང་དང་ལྕིད་ཚད་ཆེ་རུ་འགྲོ་བ་ཞིག་འོང་བ་དེ་ལ་བྱ། (1)དེའི་ཚེ་རྟེན་གྱི་དངོས་པོའི་ཆ་སོ་སོའི་གཡོ་བསྐྱོད་དང་། མི་དེའི་ལུས་ཀྱི་གཞི་རྡུལ་ཚུན་ཆད་འགུལ་བསྐྱོད་བྱེད་ཤུགས་དལ་དུ་འགྲོ་བས་སྔར་རྒྱུན་ལྟར་ལས་འགྱུར་བ་གང་ཡང་མི་མངོན་པས་འཕུར་གྲུ་ལ་སྡོད་མཁན་གྱི་མི་དེའི་སྣང་བར་དུས་ཚོད་དལ་དུ་འགྲོ་བར་མི་ཚོར། འོད་ཀྱི་མྱུར་ཚད་ཀྱིས་སྐར་ཆ་རེ་ལ་སྨིས་འབུམ་ཕྲག་གསུམ་ཙམ་གཅོད་ནུས་ལ། དེ་ནི་གནས་དུས་གང་གི་དབང་དུ་བྱས་ཀྱང་མི་འགྱུར་བར་འདོད་ཅིང་། འཕུར་གྲུ་ལྟ་བའི་དངོས་གཟུགས་གཡོ་ཞིང་སྐྱོད་པའི་འགྲོས་ཚད་དེ་འོད་ཀྱི་མྱུར་ཚད་ལ་ཉེ་བའི་ཚེ་དུས་ཚོད་དལ་དུ་འགྲོ་བ་དང་མཉམ་དུ་མིག་ལམ་དུ་མཐོང་ཡུལ་གྱི་སྣང་བའི་ས་ཁྱོན་ནང་དུ་སྡུད་པའི་ཚུལ་གྱིས་ཇེ་ཆུང་དང་དེའི་ཁ་དོག་ཀྱང་ནང་སྔོ་ལ་མཐའ་སྐོར་དམར་བོར་སྣང་ཞིང་། འཕུར་གྲུ་སོགས་དངོས་པོ་རང་གི་དབྱིབས་གཟུགས་ཐུང་དུ་འགྲོ་བའི་ཚུལ་སོགས་དཔེ་རིས་ཀྱི་སྟེང་ནས་བལྟས་ཚེ་ལྷག་པར་ཡང་གསལ་ལོ།
དུས་ཚོད་དལ་དུ་འགྲོ་བའི་གཞུང་ལུགས་འདིའི་བཤད་སྲོལ་ཨེར་དབྱེན་སི་ཐན་གྱིས་ཐོག་མར་བཏོད་ཅིང་། ༡༩༧༡ལོར་དངོས་ཁམས་རིག་པའི་མཁས་པ་ལིས་ཁྲ་ཏི.ཅིས་ཐེན(理查德.基廷)དང་ཆོས་ཡིས་ཧྭ་ཧྥོ(桥伊.哈夫)གཉིས་ཀྱིས་རྣོ་ཞིང་ཐུག་པའི་གཞི་རྡུལ་ཆུ་ཚོད་འཁོར་ལོ་བཞི་མཁར་བགྲོད་གནམ་གྲུ་ཞིག་གི་ཐོག་ཏུ་བཞག་སྟེ་ནམ་མཁའ་ལ་འཕུར་བསྐྱོད་བྱས་ཟིན་རྗེས་བརྟག་དཔྱད་བྱས་པའི་འབྲས་བུར། གནམ་གྲུའི་ནང་གི་རྡུལ་ཕྲན་ཆུ་ཚོད་འཁོར་ལོ་དེ་ས་གཞིའི་སྟེང་གི་རྡུལ་ཕྲན་ཆུ་ཚོད་འཁོར་ལོས(纳秒)ནཱའི་སྐར་ཆ་ང་དགུས་དལ་བར་འདུག་པ་དངོས་སུ་མིག་མཐོང་ལག་ཟིན་བྱུང་། རིལ་རྡུལ(གཞི་རྡུལ)མྱུར་ཚད་འཕར་སྣོད་འཕྲུལ་ཆས་ནང་སྒྲ་དོག་འཇུག་གི་ལྟོས་གྲུབ་རིགས་པའི་བསྟན་དོན་དུས་ཚོད་སྐྱེད་འཕེལ་གྱི་ནུས་སྣང་མངོན་གསལ་ཆེ་བ་ཡོད་དེ། ཨ་རིར་སྤྱི་ལེ་བཞི་བཅུའི་རིང་ཚད་ཡོད་པའི་རིལ་རྡུལ་མྱུར་ཚད་འཕར་སྣོན་འཕྲུལ་ཆས་ཤིག་ཡོད་པ་དེ་ལ་བརྟེན་ནས་གཞི་རྡུལ་ལམ་རིལ་རྡུལ་དེ་བགྲོད་པའི་མྱུར་ཚད་འོད་ཀྱི་མགྱོགས་ཚད་ཀྱི90%ཡན་ཆད་ལ་སླེབས་ནུས་ཤིང་། དེའི་ཚེ་དུས་ཚོད་དལ་འགྱུར་གྱི་སྣང་ཚུལ་ཆེས་གསལ་བར་སྣང་ཐུ བ་པ་འདུག་ཅེས་བཤད་པ་བཞིན་ནོ། །
སྒྲ་ཡངས་འཇུག་གི་ལྟོས་གྲུབ་རིགས་པ།
སྒྲ་ཡངས་འཇུག་གི་ལྟོས་བཅས་རིགས་པ་ཞེས་པ་ནི། ཨེར་དབྱེན་སི་ཐན་གྱིས་ལྟོས་གྲུབ་རིགས་པའི་ཁྱབ་ཁོངས་དེ་དུས་ཀྱི་མྱུར་ཚད་གཅིག་བུ་ལ་སྦྱར་བ་མ་ཡིན་པར་འགུགས་ཤུགས་སོགས་ལའང་སྦྱར་རྒྱུ་ཡོད་པར་དྲན་ཏེ་གཞི་རྒྱ་ཆེ་རུ་བཏང་བ་ཞིག་ཡིན། (2)དངོས་ཁམས་རིག་པའི་རྨང་གཞི་ལྟ་བུར་གྱུར་པའི་ཉུའུ་ཏུན་གྱི་ཀུན་ལྡན་འགུགས་ཤུགས་སྨྲ་བའི་ལུགས་ཀྱི་རིགས་པའང་འདིའི་ཁོངས་སུ་འདུ་བར་མ་ཟད། འགུགས་ཤུགས་རིག་པའི་ལམ་ནས་འགྲེལ་བཤད་བྱེད་དཀའ་བའི་གནས་གཟའ་ལྷག་པའི་བགྲོད་ཚུལ་སོགས་ཀྱང་རིགས་པ་འདིའི་ལམ་ནས་འགྲེལ་བཤད་བྱེད་ནུས། སྒྲ་ཡངས་པའི་ལྟོས་གྲུབ་རིགས་པས། འགུགས་ཤུགས་ཀྱི་ནུས་པས་མཁའ་རླུང་མེད་པའི་བར་སྟོང་གི་ཁྲོད་དུ་འོད་ཟེར་འཁྱོག་པོར་འགྱུར་བ་དང་། དུས་ཚོད་དལ་དུ་འགྱུར་བ་སོགས་འཆད་དོ། །
དུས་ཚོད་ཐོད་རྒལ་གྱིས་མ་འོངས་པར་འཇུག་ཐབས།
སྤྱིར་བཏང་དེ་སྔ་ཚན་རིག་པ་རྣམས་ཀྱིས་དུས་ཞེས་བྱ་བ་ནི་ཆུ་རྒྱུན་ཞིག་དང་འདྲ་བར་མི་སྡོད་པར་བཞུར་ནས་འགྲོ་ཞིང་། བགྲོད་པའི་གནས་སྐབས་སུ་འདས་དང་ད་ལྟ་མ་འོངས་གསུམ་གྱི་དབང་གིས་ཇེ་མྱུར་རམ་ཇེ་དལ་དུ་འགྲོ་བ་ཞིག་མིན་པར་བསམས་མོད། དུས་རབས་ཉི་ཤུ་བའི་སྟོད་ཙམ་ན་ཨེར་དབྱེན་སི་ཐན་གྱིས་དུས་ཞེས་བྱ་བ་གཏན་དུ་མི་འགྱུར་བ་ཞིག་མིན་པར་བཤད་ཅིང་། ལྟོས་གྲུབ་རིགས་པའི་ལམ་ནས་དཔྱད་ཚེ་མ་འོངས་པའི་དུས་ལ་འགྲུལ་བཞུད་བྱེད་ཐབས་གསུམ་ཡོད་པ་ལས།
དང་བོ་ནི། མྱུར་ཚད་མཐོན་པོས་འགུལ་བསྐྱོད་བྱས་པ་ལས་དུས་ཚོད་ལ་སྐྱེད་འཕེལ་གྱི་འགྱུར་བ་ཐེབས་ནས་མ་འོངས་པར་འཇུག་ནུས་པ་ཡིན། དུས་ཚོད་སྐྱེད་འཕེལ་ཞེས་པ་ནི། འགུལ་བསྐྱོད་དང་བཅས་པའི་དངོས་གཟུགས་གང་ཡང་རུང་བ་དེ་འོད་ཀྱི་མྱུར་ཚད་ལ་ཉེ་བའི་ཚེ་མི་རྣམས་ཧ་ལས་དགོས་པའི་སྣང་ཚུལ་ཞིག་འབྱུང་བ་དེ་ལ་ཟེར་ཏེ། དཔེར་ན་འོད་ཀྱི་མགྱོགས་ཚད་ལ་ཉེ་བའི་འཇིག་རྟེན་འཕུར་གྲུ་ལ་སྡོད་པའི་ལྟད་མོ་བ་ཞིག་བྱུང་ན། མྱུར་ཚད་ཀྱི་དབང་གིས་དུས་ཚོད་ཉིད་རིང་ཞིང་དལ་དུ་འགྲོ་ཞིང་། རྫས་འགྱུར་གྱི་འགྱུར་བ་དང་སྐྱེ་དངོས་རིམ་པའང་དལ་དུ་འགྲོ་བ་ཡིན། དེ་ལྟ་བུའི་གནས་སྟངས་འོག དཔེར་ན། ཕུ་ནུ་མཚེ་མ་གཉིས་ཡོད་པའི་ནང་གི་ཕུ་བོ་དེ་འོད་ཀྱི་མྱུར་ཚད་ལ་ཉེ་བའི་འགྲོས་ཀྱིས་མཁའ་སྐྱོད་ལྟད་མོར་ཕྱིན་ཞིང་། ནུ་བོ་ནི་སའི་གོ་ལའི་སྟེང་ཁྱིམ་དུ་གནས་པའི་དབང་དུ་བྱས་ནས། ཕུ་བོ་དེ་འོད་ལོ་བཅུ་བརྒལ་ནས་བགྲོད་དགོས་པའི་ཡུལ་ཞིག་ཏུ་ཕྱིན་ཏེ་སྔ་མའི་མྱུར་ཚད་ཀྱིས་ཕྱིར་ལོག་པའི་ཚེ། མ་མཐའ་ཡང་སའི་གོ་ལའི་ཐོག་ཡོད་པའི་ནུ་བོ་དེའི་ངོར་ལྟོས་ན་མི་ལོ་ཉི་ཤུ་སོང་ཚར་དགོས་མོད། མཁའ་སྐྱོད་ལྟད་མོར་ཕྱིན་པའི་ཕུ་བོའི་ངོར་ལྟོས་ན་མྱུར་ཚད་ཀྱི་སྟོབས་ཀྱིས་དུས་ཚོད་ཀྱི་འགྲོས་དལ་དུ་སོང་སྟེ་མི་ལོ་གསུམ་ལས་མ་སོང་བ་ཞིག་འོང་། དེ་ལྟར་ན་ཕུ་བོ་དེ་ས་སྟེང་དུ་ཕྱིར་ལོག་པའི་ཚེ་ནུ་བོ་དང་ན་མཉམ་མ་ཡིན་པར་ལོ་བཅུ་བདུན་གྱི་ཁྱད་ཞུགས་པ་ཞིག་འོང་དགོས་པ་ཡིན།
དེས་ན་ཕུ་བོ་ནི་སའི་གོ་ལའི་ཐོག་གི་ལོ་བཅུ་བདུན་ཐོད་རྒལ་གྱིས་བགྲོད་ནས་མ་འོངས་པར་ཞུགས་པ་ཞེས་བྱ་ལ། གལ་ཏེ་རང་ཅག་རྣམས་མགྱོགས་ཚད་འོད་ཀྱི་འགྲོས་ཚད་ཀྱི99.99999%སླེབས་པའི་འཕུར་གྲུ་ལ་ཞུགས་ནས་ཕྱིན་པ་ཡིན་ན། ཟླ་བ་དྲུག་གི་དུན་ཡུན་གྱིས་སྤྱི་ལོ3000ལོར་འཇུག་ཐུབ་ཟེར། འདི་དག་ནི་སྒྲ་དོག་འཇུག་གི་ལྟོས་གྲུབ་རིགས་པ་ལ་འཕྲད་པའི་དཀའ་གནས་ཞིག་ཏུ་བརྩིའོ། །གལ་ཏེ་མགྱོགས་ཚད་འོད་ཀྱི་མྱུར་ཚད་ལ་ཉེ་བ་ཞེས་པ་དེ་ནི་གཞུང་ལུགས་ཀྱི་བཤད་སྲོལ་ཙམ་ལས་ལག་ལེན་དངོས་ཀྱི་སྟེང་ནས་དེ་མི་སྲིད་པའི་ཆོས་ཤིག་མ་ཡིན་ནམ་ཞེ་ན། ལག་ལེན་གྱི་སྟེང་ནས་དེ་འདྲ་སྲིད་པ་ལ་འགྲོ་གྲོན་ཕོན་ཆེ་བ་རྐྱང་བ་མ་གཏོགས་དགག་བྱ་གཞན་ཆེར་མེད་ཟེར། འོན་ཀྱང་ལྕིད་ཚད་ཊོན་བཅུ་ཐེག་པ་ཞིག་གི་བགྲོད་ཚད་དེ་འོད་ཀྱི་མྱུར་ཚད་ཀྱི99.9%སྤོར་དགོས་ན་ཅོ་ཨེར་(ནུས་ཚད་ཀྱི་རྩི་གཞི་ཞིག)དུང་ཕྱུར་དུང་ཕྱུར་ཕྲག་བརྒྱ་ཙམ་བཀོལ་སྤྱོད་དགོས། དེ་ནི་མིའི་རིགས་ཡོངས་རྫོགས་ཀྱི་ཟླ་བ་ཁ་ཤས་རིང་གི་ནུས་འབྱུང་ཐོན་སྐྱེད་ཀྱི་སྤྱིའི་འབོར་ཚད་ཡིན་ལ། མྱུར་ཚད་སྐར་ཆ་གཅིག་ལ་སྤྱི་ལེ་འབུམ་གསུམ་ཆོད་པ་ཞིག་དགོས་ན་འགྲོ་གྲོན་དེ་ལས་ཀྱང་མང་བ་གཏོང་དགོས་སོ། །
གཉིས་པ། མ་འོངས་པར་འགྲུལ་བཞུད་བྱེད་ཐབས་གཅིག་ནི་ལྕིད་ཤུགས་སམ་འཐེན་ཤུགས་ཏེ། ཨེར་དབྱེན་སི་ཐན་གྱི་སྒྲ་ཡངས་པའི་ལྟོས་གྲུབ་རིགས་པས་བསྟན་པ་བཞིན་འཐེན་ཤུགས་ཀྱིས་དུས་ཚོད་དལ་དུ་གཏོང་ནུས་པ་ཡིན་ལ། དཔེར་ན། སའི་གོ་ལའི་ལྟ་བའི་འགུགས་ཤུགས་དང་བར་ཐག་ཉེ་རིང་གི་ཁྱད་ཀྱིས་བར་སྣང་གི་ཆུ་ཚོད་འཁོར་ལོའི་འགྲོས་ཚད་དེ་ས་ཐོག་གི་ཆུ་ཚད་འཁོར་ལོའི་འགྲོས་ཚད་ལས་མྱུར་ཞིང་། དེར་མ་ཟད་ཁང་བརྩེགས་སྟེང་མར་ཡོད་པའི་ཆུ་ཚོད་ཀྱི་འགྲོས་ཏེ་ས་འོག་གི་ཁང་བའི་ནང་གི་ཆུ་ཚོད་ཀྱི་འགྲོས་ལས་ཕྲན་བུ་མྱུར་བ་ཡིན་ནོ། །གོ་ལ་རིལ་བོའི་གཏན་ཁེལ་མ་ལགCPSགཏན་ལ་འབེབས་པའི་སྐབས་སུའང་ཡུལ་གྱི་འཐེན་ཤུགས་མི་འདྲ་བའི་ཁྱད་ཀྱིས་དུས་ཚོད་ལ་འགྱུར་བ་འགྲོ་བ་འདི་ལ་བསམ་བློ་བཏང་ཡོད་ཅིང་། གཞན་དུ་ན་སྐོར་ཞིབ་གྲུ་གཟིངས་འཕུར་མདའ་སོགས་འཕེན་པ་ན་གནད་དུ་མི་ཕོག་པར་རྒྱང་ཐག་སྤྱི་ལེ་ཁ་ཤས་ཀྱིས་འཛོལ་བར་འགྱུར་བ་ཡིན། བར་རྡུལ་སྐར་མའི་སྟེང་འགུགས་ཤུགས་ཤིན་ཏུ་སྟོབས་ཆེ་བ་ཡོད་པས་སའི་གོ་ལའི་ཐོག་ནས་དུས་ཡུན་བརྒྱ་ཆ་སུམ་ཅུས་དལ་བ་ཡོད། དེ་འདྲའི་སྐར་མའི་ཐོག་ནས་ཕྱི་རོལ་གྱི་འཇིག་རྟེན་ལ་ལྟ་བའི་ཚེ་བརྙན་ཕབ་མགྱོགས་པོར་གཏོང་བའི་སྣང་ཚུལ་དང་འདྲ་བ་ཞིག་ཏུ་མཐོང་ལ། འགུགས་ཤུགས་ཀྱི་དབང་གིས་དུས་ཚོད་ལ་འགྱུར་བ་ཐེབས་པའི་མཐར་ཐུག་པ་ནི་མུན་དོང་ནག་པོའི་ས་ཁོངས་སུ་འབྱུང་བ་ཡིན་ཞིང་། (3)དེར་སླེབས་པ་དུས་ཚོད་ནི་མི་འགྲོ་བར་ཁྲིག་གེར་སྡོད་པ་ཞིག་ཏུ་སྣང་བས། གལ་ཏེ་འཇིག་རྟེན་མཁའ་སྐྱོད་པ་ཞིག་མུན་དོང་ནག་པོའི་ཉེ་སར་བསྐྱོད་ཅིང་། དེ་ནས་ཕྱིར་ལོག་ཐུབ་པའི་དབང་དུ་བཏང་ན། ཁོ་རྒྱང་ཐག་རིང་བོའི་མ་འོངས་པར་ཐོད་བརྒལ་གྱིས་བགྲོད་ནུས་པ་འབྱུང་། གང་གི་ཚེ་མཚམས་ཀྱི་ཐིགས་ཞེས་བྱ་བ་དེ་བརྒལ་བའི་སྐད་ཅིག་ལ་འཇིག་རྟེན་ཁམས་རིལ་བོའི་དུས་ཚོད་ནི་སྨྱོ་བཞིན་མྱུར་ཚད་ཀྱིས་རྒྱུག་པར་འགྱུར་ཏེ། སྐར་ཆ་རེ་རེའི་ཡུན་ལ་མི་ལོ་དུང་ཕྱུར་བཅུ་རེ་ཤར་གྱིས་འདས་པའི་ཚུལ་གྱིས་མ་འོངས་པའི་དུས་སུ་འབྱུང་འགྱུར་རྣམས་མིག་ལམ་དུ་མྱུར་སྟབས་ཀྱིས་འཁྱུགས་ནས་མཐོང་ནུས་པ་འོང་ཞེས་ཟེར་རོ། །འབུ་ཕྲའི་ཁུང་བུ་ཞེས་པའི་གོ་དོན་ནི་བར་སྟོང་ཕྲ་མོ་སྦུ་གུ་ལྟ་བུའི་བགྲོད་ལམ་ཞིག་ལ་བྱ་ཞིང་། དེ་ལ་བརྟེན་ནས་རྒྱང་ཐག་རིང་བོས་བསྐལ་བའི་འཇིག་རྟེན་གཉིས་ཕན་ཚུན་བར་འབྲེལ་ལམ་འཛུགས་ནུས་པར་མ་ཟད། ཡུལ་དུས་གཅིག་ནས་ཡུལ་དུས་གཞན་པ་ཞིག་ཏུ་བགྲོད་ཐུབ་པའི་ཕྱིར་སྐར་མའི་གོ་ལ་གཅིག་ནས་སྐར་མའི་གོ་ལ་གཞན་ཞིག་གི་ཐོག་ཏུ་བགྲོད་པ་ཡུད་ཙམ་གྱིས་ནུས་པ་ཡིན། འབུ་ཕྲའི་ཁུང་བུར་གྲགས་པའི་བགྲོད་ལམ་ཕྲ་མོ་དེའི་སྣེ་གཉིས་དུས་ཀྱི་བགྲོད་ལམ་དུ་བྱར་བཏུབ་པས། བགྲོད་ལམ་དེར་ཕར་འཇུག་པའི་སྒོ་ད་ལྟ་ཡིན་མོད། ཚུར་ལྡོག་པའི་སྒོ་འདས་པའམ་མ་འོངས་པ་ཡིན་པས་འདི་ལ་བརྟེན་ནས་མ་འོངས་པར་ལྟད་མོར་བསྐྱོད་ནུས་པ་སྲིད་པ་ཞིག་ཡིན་ཟེར། འབུ་སྲིན་གྱི་ཁུང་བུ་ཞེས་པའི་བཤད་སྲོལ་འདིའི་ཁུངས་ནི། ༡༩༣༥ལོར་ཨེར་དབྱེན་སི་ཐན་དང་ན་ཀྲིན་ལོ་སིང(纳珍. 罗森)གཉིས་ཀྱིས་བྲིས་པའི་དཔྱད་རྩོམ་ལས་བསྟན་པའི་སྒྲ་ཡངས་པའི་ལྟོས་གྲུབ་རིགས་པའི་སྒོས་བཞག་པའི་བགྲོད་ཟམ་དུ་གྲགས་པ་ཉིད་ཡིན་ལ། (4)འདི་ལ་བརྟེན་ནས་ཡུལ་དུས་གཅིག་ནས་ཡུལ་དུས་གཞན་པ་ཞིག་ཏུ་བགྲོད་ཆོག་པ་ཞིག་ཡོད་ཀྱང་། ལྟ་སྐོར་བྱེད་མཁན་དེ་བགྲོད་ལོང་མེད་པར་ཟམ་ཉིད་བར་ནས་ཆད་པར་འགྱུར་བ་ཞིག་སྣང་ཞེས་བཤད་མོད། འོན་ཀྱང༡༩༤༩ལོར་ཨོ་ཏིས་ལིའི་གྲངས་རིག་པ་ཀུ་ཏིར(戈德尔)གྱིས་རྩིས་འཁོར་གྱི་ཐོག་ནས་དཔྱད་པ་ཞིབ་ཏུ་བྱས་པའི་འབྲས་བུར། གནས་སྟངས་ཁྱད་པར་པའི་འོག་བགྲོད་ཟམ་དེ་ལམ་བར་ནས་མི་འཆད་པར་དེ་ལ་བརྟེན་ནས་ཡུལ་དུས་གཅིག་ནས་གཅིག་ཏུ་བགྲོད་ཐུབ་པར་ངོས་འཛིན་གནང་ཡོད། ཕྲ་ཞིང་རིང་བའི་བགྲོད་ལམ་འདི་ལ་ཕྱིས་སུ་འབུ་སྲིན་གྱི་ཁུང་བུ་ཞེས་བཏགས། (5)སི་ཏིས་བིན་ཧོ་ཀེན(史蒂芬霍金)གྱིས་བརྩམས་པའི་དུས་ཀྱི་ལོ་རྒྱུས་བསྡུས་པ་ཞེས་པའི་དེབ་ལས་འབུ་སྲིན་གྱི་ཁུང་བུ་ཞེས་པ་འདི་ཉིད་ཀྱི་སྐོར་གསལ་བཤད་བྱས་ཡོད་ཅིང་། ཁོང་གིས་ཐད་ཀར་མཉམ་པོར་གནས་པའི་འཇིག་རྟེན་གཉིས་ཀྱི་བར་ཡུད་ཀྱིས་འབྲེལ་ལམ་འཛུགས་པའི་ཉེ་ལམ་ཞིག་སྟེ་འཇིག་རྟེན་གཉིས་ཀྱི་བར་ཐད་ཀར་ཤར་བགྲོད་ཀྱི་ལམ་ཐིག་གི་ཐོག་ནས་སྐྱོན་ཐབས་དང་། དེར་མ་ཟད་ཤོག་གུ་བལྟམས་པའམ་བཀུག་ནས་སྣེ་བསྣོལ་བའི་ཚུལ་གྱིས་ཡུལ་དུས་མི་འདྲ་བ་གཉིས་བར་གྱི་བར་ཐག་ཉིད་ལ་བསྒྱུར་ནས་འབུ་པའི་ཁུང་བུར་འབོད་པའི་ཉེ་ལམ་ལ་བརྟེན་ནས་བགྲོད་ཆོག་པའི་དཔེ་རིས་བཅས་བཀོད་ཡོད་དོ། །
དུས་ཚོད་ལུགས་ལྡོག་གིས་འདས་པ་ལ་འཇུག་ཐབས།
ཡང་གལ་ཏེ་འཇིག་རྟེན་འཕུར་གྲུ་ཞིག་འོད་ཀྱི་མྱུར་ཚད་ལས་བརྒལ་ཏེ་འཕུར་སྐྱོད་བྱེད་ནུས་ན་དུས་ཚོད་ཉིད་ཕྱིར་བགྲོད་ཀྱིས་ལུགས་ལྡོག་ཏུ་འབྱུང་ཞིང་། དེ་འདྲའི་གནས་སྟངས་འོག་འཇིག་རྟེན་མཁའ་སྐྱོད་པ་དེ་ཉིད་འཇིག་རྟེན་གཅིག་ལ་ལྟད་མོར་བསྐྱོད་ནས་ཕྱིར་རང་གནས་སུ་ལོག་པའི་ཚེ་སྔར་འཕུར་བསྐྱོད་བྱེད་པའི་དུས་ཚོད་དེའི་སྔོན་རོལ་དུ་ཕྱིར་ལྡོག་ཐུབ་པ་འོང་ཟེར། འོན་ཀྱང་སྒྲ་དོག་འཇུག་གི་ལྟོས་གྲུབ་རིགས་པ་སྨྲ་བ་རྣམས་ཀྱིས་མ་འོངས་པར་འཇུག་པ་ལ་འགྲོས་ཚད་འོད་ཀྱི་མྱུར་ཚད་ལ་ཉེ་བ་ཞིག་གིས་ཆོག་པས་ཅུང་ཟད་སླ་བ་ཡོད་ཀྱང་། འདས་པར་འཇུག་པ་ལ་མྱུར་ཚད་འོད་ཀྱི་མྱུར་ཚད་ལས་བརྒལ་བ་ཞིག་དགོས་པས་དེ་ནི་ཤིན་ཏུ་བྱ་དཀའ་བའི་གནས་ཤིག་ཡིན་ཟེར། འོན་ཀྱང་སྒྲ་ཡངས་འཇུག་གི་ལྟོས་གྲུབ་རིགས་པའི་ཐོག་ནས་འགུགས་ཤུགས་དང་བར་སྟོང་དུས་ཚོད་གསུམ་འབྲེལ་བའི་ཚུལ་གྱིས་ཏེ་འགུགས་ཤུགས་ལ་བརྟེན་ནས་དུས་དང་བར་སྟོང་གཉིས་དཀྱོགས་ནས་བཀུག་པའི་ཚུལ་གྱིས་འདས་པའི་དུས་ལ་ཕྱིར་ལོག་པ་སྲིད་པ་ཞིག་འགྲུབ་པ་ཡིན། ཚུལ་འདི་ལ་ཨེར་དབྱིན་སི་ཐན་རང་ཉིད་ཀྱང་ཧ་ལས་པར་གྱུར་པའི་བཤད་སྲོལ་ཡོད། གཞུང་ལུགས་འདིའི་རྨང་གཞིའི་ཐོག་ནས་དུས་ཚོད་ཀྱི་འཕྲུལ་ཆས་བཟོ་ཐབས་ཀྱི་བསམ་བློ་དང་། དུས་དང་བར་སྟོང་གི་འགྲུལ་བསྐྱོད་བྱ་ཐབས་སོགས་བྱུང་བ་ཡིན་ལ། འཇིག་རྟེན་ཁམས་འདི་རྒྱ་ཆེ་དྲགས་པས་ད་ཡོད་ཀྱི་འཇིག་རྟེན་འཕུར་གྲུ་སོགས་ལ་བརྟེན་ནས་སྐར་ཁྱིམ་གཞན་གྱི་ཐོག་ཏུ་བགྲོད་ཐབས་བྲལ་བ་ཡིན་ཏེ། བརྒྱ་ལ་དེ་འདྲའི་འཕུར་གྲུ་ཞིག་ལ་མྱུར་ཚད་འཕར་སྣོན་གྱིས་འོད་ཀྱི་མགྱོགས་ཚད་དང་མཉམ་པ་ཞིག་བྱུང་ནའང་འགྲུབ་ཐབས་བྲལ། དེ་ཅིའི་ཕྱིར་ཞེ་ན། ང་ཚོ་དགུ་ཚིགས་ཀྱི་ཁྱིམ་རྒྱུད་དང་ཐག་ཉེ་ཤོས་ལྷ་མོའི་སྐར་ཚོམ་གྱི་ཁྱིམ་རྒྱུད་དུ་བགྲོད་པ་ལའང་འོད་ལོ(འོད་ཉིད་ལོ་གཅིག་ལ་བགྲོད་པའི་ཡུན་ཏེ་ལེ་དབར་དུང་ཕྱུར་འབུམ་གཅིག་གི་ཚད་ཡིན)ཉིས་བརྒྱ་སུམ་ཅུ་དགོས་ན་སྐར་ཁྱིམ་གཞན་རྣམས་ལ་དེ་བས་ཀྱང་སྨོས་ཅི་དགོས་ཏེ། དགུ་ཚིགས་ཀྱི་ཁྱིམ་རྒྱུད་དང་ལྷ་མོའི་སྐར་ཚོམ་གྱི་ཁྱིམ་རྒྱུད་འདྲ་བའི་སྐར་ཁྱིམ་ད་ཡོད་གནམ་རིག་གི་ཐོག་ནས་མཐོང་ནུས་པ་རྐྱང་བ་བརྩིས་ནའང་དུང་ཕྱུར་ལྔ་བརྒྱ་ནས་སྟོང་ཕྲག་གི་བར་ཡོད་ཅིང་སྐར་ཁྱིམ་རེ་རེའི་བར་ཐག་གི་ཡུན་ལའང་འོད་ལོ་འབུམ་ཕྲག་གསུམ་ཙམ་རེ་དགོས་པར་བཤད་པའི་ཕྱིར་རོ། །
དེས་ན་འཇིག་རྟེན་ཁམས་ཀྱི་སྐར་ཁྱིམ་རྣམས་ལ་ལྟ་སྐོར་དུ་བསྐྱོད་དགོས་ན་དུས་དང་བར་སྟོང་གི་འགྲུལ་བཞུད་ལ་བརྟེན་པ་ལས་ཐབས་གཞན་རྙེད་དཀའ་བའི་གནས་སུ་གྱུར། བའི་རྒྱུ་མཚན་གྱིས་དུས་ཀྱི་འཕྲུལ་ཆས་ཞེས་པ་ཞིག་བཟོ་བའི་བསམ་བློ་དེ་རྟོག་དཔྱོད་ལ་དགའ་བའི་མི་འགའི་སེམས་ལ་འཁོར་བ་རེད། དེ་ཡང༡༨༩༥ལོར་ཝིར་སིས(维尔斯)བྲིས་པའི་གཏམ་རྒྱུད་ལས་དུས་ཀྱི་འཕྲུལ་ཆས་ཞེས་པ་ཐོག་མར་བྱུང་ཞིང་། དེ་སྐབས་སྟོང་བསམ་གྱི་འཆར་སྣང་ཙམ་ལས་དངོས་གནས་དེ་འདྲ་ཞིག་འོང་ཐབས་མེད་པར་འདོད་མཁན་མང་ཡང་། ཕྱིས་སུ་སྒྲ་ཡངས་འཇུག་གི་ལྟོས་གྲུབ་རིགས་པའི་གཞུང་ལུགས་ཀྱི་བཤད་སྲོལ་དར་བའི་རྐྱེན་གྱིས་དུས་ཀྱི་འཕྲུལ་ཆས་ཞེས་པ་ཞིག་སྲིད་པར་རིམ་པས་དངོས་ཁམས་རིགས་པའི་གཞི་རྩ་ངེས་ཅན་ཞིག་ཡོད་པར་གྱུར། ལོ་རབས་བརྒྱད་ཅུ་བའི་དཀྱིལ་དུ་དུས་ཚོད་ཀྱི་འཕྲུལ་ཆས་ཞེས་པ་འབུ་སྲིན་གྱི་ཁུང་བུའི་གོ་དོན་དང་འབྲེལ་བའི་བཤད་སྲོལ་བཏོད་པ་ནས། འདི་ལ་བརྟེན་ཏེ་བར་སྟོང་ཁྲོད་རྒྱང་ཐག་རིང་བོས་བསྐལ་བའི་ཡུལ་དུས་གཉིས་ཀྱི་བར་ཡུད་ཙམ་གྱིས་བགྲོད་ནུས་པ་ཞིག་ཡོད་པའི་གཞུང་ལུགས་ལ་དོ་སྣང་བྱེད་མཁན་སྔར་ལས་མང་དུ་ཕྱིན། ༢༠༠༣ལོར་ཨོ་སི་ཊ་ལིས་ཡའི་དངོས་ཁམས་རིག་པའི་ཚན་རིག་པ་པཱོ་ལོ་ཏཱེ་ཝེ་སི(保罗.戴维斯)ཞེས་པས་དུས་ཚོད་ཀྱི་འཕྲུལ་ཆས(6)སྐྲུན་པའི་ཐབས་ཇུས་དངོས་སུ་བཏོན་པར་མ་ཟད། དེ་ལ་བརྟེན་ནས་དུས་ཀྱི་བགྲོད་རྒྱུན་ལུགས་ལྡོག་གིས་སྔར་འདས་པའི་དུས་ལ་ཕྱིར་ལོག་སྟེ་རང་གི་མེས་པོ་དང་ཨ་ཕྱི་སོགས་ལ་ཐུག་འཕྲད་བྱེད་ཐབས་ཡོད་སྲིད་ཚུལ་དང་། མ་འོངས་པའི་དུས་ལ་ཞུགས་ཏེ་རང་གི་ཡང་ཚ་རྣམས་ལ་ཐུག་འཕྲད་བྱེད་ཐབས་ཀྱང་ཡོད་སྲིད་ཚུལ་བཤད་དོ། །སྐབས་འདིར་དོག་པ་འདི་འདྲ་ཞིག་བསླངས་ཡོད་དེ། གལ་ཏེ་འདས་པའི་དུས་ལ་ལུགས་ལྡོག་གིས་ཕྱིར་ལོག་ཐུབ་པ་ཡིན་ན་རྒྱུ་འབྲས་གཉིས་ཀྱི་སྔ་ཕྱིའི་འབྲེལ་བ་གོ་ལྡོག་ཏུ་འགྱུར་བའི་སྐྱོན་ཡོད་པར་འགྱུར་ཏེ། དཔེར་ན་མི་ཞིག་འདས་པའི་དུས་ལ་ཕྱིར་ལོག་ནས་རང་གི་ཨ་ཕྱི་ལ་འགྱུར་རྒྱུའི་བུད་མེད་དེ་དང་འཕྲད་པར་གྱུར་ཅིང་། སྐབས་དེར་རང་གིས་བུད་མེད་དེ་ཉིད་གལ་ཏེ་བསད་པར་བྱས་པ་ཡིན་ན་ཅི་འདྲར་འགྱུར། ཨ་ཕྱི་མེད་ན་ཨ་མ་ཉིད་འབྱུང་མི་སྲིད་ཅིང་། ཨ་མ་མེད་ན་རང་ཉིད་འབྱུང་མི་སྲིད། རང་ཉིད་མེད་ན་ཨ་ཕྱི་གསོད་པའང་འབྱུང་མི་སྲིད་པས་འགལ་འདུ་ཅན་དུ་འགྱུར་ཞེས་ཟེར་རོ། །
འདི་ལ་ཏཱེ་ཝེ་སི་ལགས་ཀྱིས། སྣ་མང་འཇིག་རྟེན(多世界)ཞེས་པའི་གཞུང་ལུགས་ལ་བརྟེན་ཏེ་སྐྱོན་སྤོང་བྱས་ཡོད་དེ། འཇིག་རྟེན་གྱི་ཁམས་ཞེས་པ་ནི་གཅིག་བུ་ཁོ་ན་རང་མ་ཡིན་པར་མཉམ་གཤིབ་ཀྱི་ཚུལ་གྱིས་ཆེས་མང་བོ་ཞིག་ཡོད་ཅིང་། དེའི་རྒྱུ་མཚན་གྱིས་རང་ཉིད་འདས་པའི་དུས་ལ་ཕྱིར་ལོག་པའི་ཚེ་སྔར་ནས་བཀོད་སྒྲིག་བྱས་ཚར་བ་ཞིག་རང་གི་མིག་ལམ་དུ་ཤར་གྱིས་འཁྱུགས་ནས་འགྲོ་བ་ཙམ་མ་ཡིན་པར་རང་དབང་གི་སྒོ་ནས་ད་ལྟ་བཞིན་སྐབས་དེའི་བྱ་བ་དག་ལ་ཞུགས་ནས་ལོ་རྒྱུས་ལ་འགྱུར་ལྡོག་གཏོང་བའི་ནུས་པའང་ཡོད་པས། རང་གི་ཨ་ཕྱིར་འགྱུར་རྒྱུའི་བུད་མེད་དེ་གསོད་པ་ཡོད་པ་དང་། ཡུལ་དུས་དེའི་དབང་དུ་བྱས་ནས་ཨ་ཕྱི་དངོས་གནས་ཤི་སོང་བའང་སྲིད་པ་ཞིག་ཡིན། དེ་ལྟ་ནའང་གང་སྣང་བ་དེ་དག་མཉམ་གཤིབ་ཀྱི་འཇིག་རྟེན་གཞན་ཞིག་ཉུལ་ཏེ་བྱུང་བ་ཙམ་ཡིན་པས་འདས་པའི་ཡུལ་དུས་དེ་ལས་ད་ལྟའི་ཡུལ་དུས་ལ་ལྡང་བའི་ཚེ་ཐམས་ཅད་སྔར་རྒྱུན་ལྟར་ཡིན་པས་ཨ་ཕྱི་བསད་པ་ཞེས་པ་ཡེ་མེད་པས་དེ་དང་འབྲེལ་བའི་འགལ་འདུ་དག་ཀྱང་རང་བཞིན་གྱིས་མི་དམིགས་སོ་ཞེས་སྨྲའོ། །མཉམ་གཤིབ་གཞུང་ལུགས(平行理论)ཀྱི་བཤད་ཚུལ་འདི་ལ་མོས་མཐུན་གནང་མཁན་དངོས་ཁམས་རིག་པའི་ཚན་རིག་པ་དག་གི་ནང་ན་འགའ་ཞིག་ཡོད་ལ། མཁས་དབང་ཧོ་ཀེན(霍金)གྱི་དུས་ཀྱི་ལོ་རྒྱུས་བསྡུས་པ་ལས་ཀྱང་། དུས་ཀྱི་འགྲུལ་བཞུད་བྱེད་པའི་ཐབས་གཞན་ཞིག་ནི་ལོ་རྒྱུས་ཀྱི་ཚོད་དམིགས་འདེམ་ག་བྱེད་པ་དེ་ཡིན་ལ། དེའི་དོན་ནི། གལ་ཏེ་འགྲུལ་བཞུད་པ་དེ་འདས་པ་ལ་ཞུགས་པར་འདོད་ན། མི་དེ་ལོ་རྒྱུས་ཟིན་ཐོ་མི་འདྲ་བའི་ལོ་རྒྱུས་གཞན་ཞིག་གི་ཁྲོད་དུ་ཞུགས་པ་ལ་བརྗོད་ཅིང་། དེའི་ཚེ་མི་དེ་རང་དབང་གིས་རང་གི་འདོད་མོས་བཞིན་འགུལ་བསྐྱོད་བྱེད་ཆོག་པ་ལས་སྔར་གྱི་ལོ་རྒྱུས་ཀྱིས་སྟངས་འཛེན་མི་བྱེད་པ་ཞིག་འོང་། ཚུལ་འདི་ནི་ད་ལྟའི་སྣང་བའི་ཚོད་འཛིན་འོག་མི་གནས་པའི་རྨི་ལམ་གྱི་སྣང་བ་དང་ཁྱད་པར་མེད་པ་ཞིག་ཏུ་མཐོང་ཞིང་། དེ་ནས་ད་ལྟའི་དུས་ལ་ཕྱིར་ལོག་པའི་ཚེ་ཐམས་ཅད་སྔར་རྒྱུན་ལྟར་ཡིན་ཞེས་བཤད་དོ། །བཤད་ཚུལ་འདི་ཉུའུ་ཏུན་གྱི་ནུས་ཤུགས་རིག་པ་དང་འགལ་མོད། ཉིང་རྡུལ་ནུས་ཤུགས་རིག་པའི་གཞུང་ལུགས་ཀྱི་སྙིང་བོ་རང་བྱུང་ཁམས་ཆེན་པོ་ཉིད་ཕྲ་མཐོང་ཚད་རིམ་གྱི་ཐོག་ནས་དཔྱད་ན་གོ་རྒྱུ་ཆེན་པོ་ཡོད་པར་བཤད་དེ། ཨོ་སི་ཧྥོར་ཊི(牛津大学)སློབ་གྲྭ་ཆེན་མོའི་མཁས་པ་ཏཱ་ཝེ་ཡིས་ཆིས(DAVID DEUTSH 大卫多伊奇)ཀྱིས་བརྩམས་པའི་དུས་ཀྱི་འགྲུལ་བཞུད་ཀྱི་ཉིང་རྡུལ་དངོས་ཁམས་ཞེས་པའི་དེབ་ལས། དུས་ཀྱི་འགྲུལ་བཞུད་ཅེས་པ་ཉིང་རྡུལ་དངོས་ཁམས་རིག་པའི་སྣ་མང་འཇིག་རྟེན་ཞེས་པའི་གཞུང་ལུགས་ལ་གཞི་བཅོལ་བ་ཞིག་སྟེ། གཞི་རྡུལ་འབྲིང་བོའི་འཇིག་རྟེན་ནང་ཉིང་རྡུལ་གྱི་ངེས་གཏན་མེད་པའི་རང་བཞིན་དེས་གཙོ་བོའི་ས་བཟུང་སྟབས་གློག་རྡུལ་གཅིག་སྤུས་རྡུལ་ལ་ཕོག་པའི་ཚེ་གཡས་ལ་ཕྱོགས་པར་འགྱུར་བ་སྲིད་ལ་གཡོན་ལ་ཕྱོགས་པར་འགྱུར་བའང་སྲིད་པས་སྣ་མང་གི་འཇིག་རྟེན་ཞེས་པའི་གཞུང་ལུགས་དེ་གྲུབ་ཆོག་པ་ཞིག་ཡོད་པ་རེད། དེ་ལྟར་ན་འཇིག་རྟེན་གྱི་ཁམས་ཐོག་མར་གྲུབ་པའི་དུས་ཉིད་ནས་མཉམ་གཤིབ་ཀྱི་ཚུལ་དུ་སྣ་ཚོགས་ཤིག་བདོག་པ་གྲུབ་ཅིང་། དེ་གྲུབ་པས་དུས་ཀྱི་འགྲུལ་བཞུད་ཅེས་པ་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་ཡིན་སྲིད་ཅེས་ཟེར་རོ། །
༢༠༠༤ལོའི་ཟླ༤ཚེས༢༠ཉིན་ཨ་རིའི་འཇིག་རྟེན་འཕུར་གྲུའི་ལས་ཁུངས་ཀྱིས་མ་སྒོར་དུང་ཕྱུར་བདུན་ཙམ་འགྲོ་གྲོན་བཏང་ནས་བཟོས་པའི་འགུགས་ཤུགས་འཚོལ་ཞིབB引力探测Bཞེས་པའི་འཁོར་སྐར་ཞིག(7)མཁའ་ལ་མངགས་གཏོང་བྱས་ཤིང་། དེ་ས་ངོས་ནས་སྤྱི་ལེ་དྲུག་བརྒྱ་བཞི་བཅུས་འཕགས་པའི་འཁོར་ལམ་དུ་ཟླ་བ་ཉི་ཤུའི་རིང་འཁོར་བསྐྱོད་བྱས་ཏེ་ཨེར་དབྱེན་སི་ཐན་གྱི་སྒྲ་ཡངས་འཇུག་གི་ལྟོས་གྲུབ་རིགས་པས་བསྟན་པའི་གོ་ལའི་འགུལ་བསྐྱོད་ཀྱིས་དུས་དང་བར་སྟོང་འཁྱོག་པོར་སྒྱུར་བའི་བཤད་སྲོལ་དེ་དངོས་ཡོད་གནས་ཚུལ་དང་མཐུན་མི་མཐུན་གྱི་ཚོད་ལྟ་བྱེད་བཞིན་ཡོད། འཁོར་སྐར་འདི་ལ་བརྟེན་ནས་མི་རིང་བར་ལྟོས་གྲུབ་རིགས་པའི་གཞུང་ལུགས་དེ་ཡང་དག་པའམ་ནོར་བ་གང་ཡིན་གྱི་ལན་གསལ་བོ་རྙེད་པར་ཚན་རིག་པ་རྣམས་ཀྱིས་རེ་སྒུག་བྱེད་བཞིན་མཆིས་སོ། །
དེང་སང་ཚན་རིག་སོགས་གོ་མྱོང་ཕྲན་བུ་རེ་ཡོད་ཅིང་ཆོས་ཀྱི་ཚུལ་ལུགས་གཏིང་ཕྱིན་པ་མ་རྟོགས་པའི་སྐྱེ་བོ་འགའ་རེས། ཆོས་ཀྱི་ལྟ་བ་ནི་ལུང་ཙམ་ལ་བརྟེན་ནས་ཡིད་ཆེས་བྱེད་པ་འབའ་ཞིག་ཏུ་བསམ་ཞིང་། ཚན་རིག་གི་ལྟ་བ་ནི་ཕྱི་རོལ་ཡུལ་གྱི་དངོས་ཡོད་གནས་ཚུལ་ལ་ལག་ལེན་གྱི་ཚོད་ལྟ་བྱེད་པ་ལ་བརྟེན་པའི་ཕྱིར། བཀའ་མདོ་རྒྱུད་ནས་བཤད་པའི་བསམ་གྱིས་མི་ཁྱབ་པའི་གནས་ལུགས་དག་ཚན་རིག་གི་ལམ་ནས་བརྟག་བཟོད་པ་ཡེ་མེད་པས་དོན་ལ་དེ་ལྟ་བུ་ཞིག་ནམ་ཡང་མི་སྲིད་ཅེས་བསམ་ཞིང་སྒྲོགས་པར་བྱེད་མོད། ལེགས་པར་བརྟགས་ན། ནང་བའི་གཞུང་ལས་བཤད་པའི་བསམ་གྱིས་མི་ཁྱབ་པའི་གནས། དཔེར་ན། ཡུལ་དུས་རྣམ་པས་བསྡུས་པའི་ཆོས་ཐམས་ཅད་ཅིར་ཡང་མ་གྲུབ་པ་ལ་ཅིར་ཡང་འཆར་བ་སྟེ་ལྟོས་མེད་རང་དབང་གི་ཚུལ་གྱིས་མ་ཡིན་པར་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་གྲུབ་པའི་རྒྱུ་མཚན་གྱིས་རང་རེའི་ངོར་སྣང་བའི་དངོས་པོ་གཟུགས་ཅན་པ་གཅིག་ཡུལ་ཅན་གྱི་དབང་གིས་མཐོང་སྣང་དང་མཚན་ཉིད་ཐ་དད་པ་སྣ་ཚོགས་པར་འཆར་རུང་བ་དང་། མི་ཡུལ་གྱི་ལོ་བརྒྱ་ཕྲག་གཅིག་ལྷ་ཡུལ་གྱི་ཞག་གཅིག་ཏུ་སྣང་བ་དང་དམ་ཆོས་པད་དཀར་དུ་གསུངས་པའི་སྔ་དྲོའི་ཡུན་གཅིག་བར་བསྐལ་ལྔ་བཅུའི་ཡུན་དུ་སྣང་བར་བསྟན་པ་སོགས་ཡོད་ཆོག་པ་དང་། རྡུལ་ཕྲན་དང་ལྷུན་པོ་གཉིས་མི་འགལ་བ་དང་། བསྐལ་བ་དང་སྐད་ཅིག་མི་འགལ་བ་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་སྐད་ཅིག་གམ་ཡུད་ཙམ་གཅིག་ལ་ཞིང་ཁམས་བརྒྱ་སྟོང་དུ་བགྲོད་པ་དང་། སྔོན་གྱི་མཐའི་བསྐལ་བ་བརྒྱ་སྟོང་དང་། ཕྱི་མའི་མཐའི་བསྐལ་བ་བརྒྱ་སྟོང་དུ་འཇུག་པ་ཡོད་རུང་བ(ཁྱེའུ་རབ་སྣང་གི་མདོ་སོགས་ལས་གསུངས)སོགས་དང་། སྐྲའི་རྩེ་མོ་གཅིག་གམ་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་ཞིང་ཁམས་ཡོད་རུང་བ་དང་། དུས་གསུམ་གྱིས་ཚད་ཀྱིས་ཕྱེ་བའི་བསྐལ་བ་རེ་ཉིད་སྐད་ཅིག་གཅིག་གམ་སྐད་ཅིག་གཅིག་གི་ཆ་ཤས་གཅིག་ཏུ་བསྒྱུར་ནས་འཇུག་ནུས་པ་སྲིད་པ་སོགས་ཡིན་དགོས་ཀྱང་། དེ་འདྲའི་བསམ་གྱིས་མི་ཁྱབ་པའི་གནས་རྣམས་ནི་ཆོས་ཀྱི་གཞུང་ལུགས་ཁོ་ན་ལས་འབྱུང་བ་ཙམ་མ་ཡིན་པར། ཚན་རིག་གི་ལྟ་བའི་ཐོག་ནས་ཀྱང་འདི་རིགས་དོན་ལ་ཁས་ལེན་དགོས་རྒྱུར་འདུག་པ་མཐོང་སྟེ། ཚན་རིག་པ་ཡོད་དོ་ཅོག་གི་ནང་ནས་མིང་གྲགས་ཆེ་ཤོས་ཨེ་དབྱིན་སི་ཐན་གྱི་ལྟོས་གྲུབ་རིགས་པ་དེ་མ་ནོར་མ་འཆུགས་པའི་དབང་དུ་བཏང་། དུས་ཞེས་བྱ་བ་རང་དབང་བའི་ཚུལ་དུ་གྲུབ་པའི་རང་བཞིན་ཅན་ཞིག་མིན་པར་རིང་ཐུང་དང་སྔ་ཕྱིའི་གོ་རིམ་སོགས་རྟེན་གྱི་འགུགས་ཤུགས་ཀྱི་ཁྱད་པར་དང་བརྟེན་པའི་དངོས་པོ་རང་ཉིད་བགྲོད་པ་མྱུར་བུལ་སོགས་ཀྱི་ཁྱད་པར་ལས་འགྱུར་ལྡོག་བྱེད་པའི་བདག་ཉིད་ཅན་ཞིག་ཡིན་སྟབས། འོད་ཀྱི་མྱུར་ཚད་ལ་ཉེ་བའི་འགྲོས་ཀྱིས་མཁའ་སྐྱོད་ལྟད་མོར་ཕྱིན་པའི་ཕུ་བོའི་ངོར་ལྟོས་ན་ལོ་གསུམ་གྱི་ཡུན་ལས་མ་འགོར་ཡང་། སའི་གོ་ལའི་ཐོག་ཡོད་པའི་ནུ་བོ་དེའི་ངོར་ལྟོས་ན་མི་ལོ་ཉི་ཤུ་སོང་ཚར་བས། ཕུ་བོ་དེ་ས་ཐོག་ཏུ་ཕྱིར་ལོག་པའི་ཚེ་ནུ་བོ་དང་ན་མཉམ་མ་ཡིན་པར་ལོ་བཅུ་བདུན་གྱི་ཁྱད་ཞུགས་པ་ཞིག་འོང་བ་དང་། མྱུར་ཚད་དང་འབུ་ཕྲའི་ཁུང་བུར་གྲགས་པའི་བགྲོད་ལམ་སོགས་ལ་བརྟེན་ནས་དུས་ཀྱི་བགྲོད་རྒྱུན་སྔ་སྣུར་རམ་ཕྱི་སྣུར་གྱིས་རྒྱང་ཐང་རིང་བོས་བསྐལ་བའི་འདས་པའམ་མ་འོངས་པའི་དུས་ལ་འཇུག་ཏུ་རུང་ཚུལ་དང་། བར་སྟོང་ཞེས་བྱ་བའང་ལྟོས་མེད་ཚུགས་ཐུབ་ཀྱི་ཚུལ་དུ་གྲུབ་པ་ཞིག་མིན་པར་བོངས་ཚད་ཁ་དོག་སོགས་རྟེན་གྱི་དངོས་པོ་མྱུར་བུལ་གྱི་ཁྱད་ཀྱིས་འགྱུར་བ་དང་བཅས་པས་རང་གི་ངོ་བོ་ལྟོས་པའི་སྒོ་ནས་བཞག་པ་ཞིག་ཡིན་པས་རང་ཅག་ལ་ཆེན་པོར་སྣང་བ་དེ་ཡུལ་དུས་གཞན་ཞིག་ཏུ་ཆུང་ངུར་སྣང་བ་སོགས་མང་བོ་ཞིག་བཤད་འདུག་པས། འདི་དག་ཀྱང་བསམ་གྱིས་མི་ཁྱབ་པའི་གནས་ཤ་སྟག་ཏུ་སྣང་བའི་ཕྱིར་རོ། །ཡུལ་དང་དུས་ཀྱིས་བསྡུས་པའི་ཆོས་རྣམས་ལྟོས་པ་དང་བཅས་པའི་རྒྱུ་མཚན་འགྲེལ་བཤད་བྱེད་ཚུལ་ལ་ཆོས་ཀྱི་གཞུང་ལུགས་ལས་བཤད་པ་དང་ཚན་རིག་གི་གཞུང་ལས་བཤད་པ་གཉིས་མཐའ་གཅིག་ཏུ་མི་མཚུངས་མོད། དེ་གཉིས་ཀྱི་ནང་ནས་གཅིག་ནི་བསམ་གྱིས་ཁྱབ་པ་དང་ཅིག་ཤོས་ནི་བསམ་གྱིས་མི་ཁྱབ་པོ་ཞེས་རྣམ་དབྱེ་འབྱེད་དགོས་ན་ཤིན་ཏུ་དཀའ་བའི་ཚད་དུ་སྣང་བས། ཚན་རིག་མི་ཤེས་པའི་དངོས་གཙོ་སྨྲ་བར་རློམ་པ་དག་གིས་ལྟོས་གྲུབ་རིགས་པའི་གཞུང་ལུགས་ལས་བྱུང་བའི་བཤད་ཚུལ་འདི་དག་ཁོང་དུ་ཆུད་དཀའོ། །
༢༠༠༦ལོའི་ཟླ༡ཚེས༥ཉིན་སོའུ་ཀོ་ལན་གྱི་མིའི་ཚགས་པར《苏格兰人报》ཚན་རིག་པ་གསར་བ《新科学家》ཞེས་པའི་ཚགས་པར་ནང་བཀོད་པའི་གནས་ཚུལ་གསར་བ་ཞིག་ནི། ཨ་རིའི་མཁའ་དམག་དངNASAགཉིས་ཀྱིས་དེ་སྔ་བྱུང་མྱོང་མེད་པའི་མཁའ་སྐྱོད་སྒུལ་ཤུགས་འཕྲུལ་ཆས་ཤིག་སྟེ་བར་སྟོང་ལས་བརྒལ་བའི་སྒུལ་ཆས་ཞེས་པ་ཞིག་སྐྲུན་འཆར་གྱིས་གསང་བའི་ཐོག་ནས་ཞིབ་འཇུག་བྱེད་བཞིན་པ་སྟེ། ལོ་ལྔའི་ནང་ཚུན་ཆད་ལ་ཚོད་ལྟ་རྣམས་རྫོགས་པར་བྱེད་ཐུབ་པའི་རྩིས་བརྒྱབ་ཡོད། གལ་ཏེ་ལེགས་འགྲུབ་བྱུང་བ་ཡིན་ན་མིའི་རིགས་མཁའ་སྐྱོད་འཕྲུལ་ཆས་དེ་ལ་ཞུགས་ཏེ་མྱུར་ཚད་མཐོན་པོས་འཕུར་སྐྱོད་བྱེད་ནུས་པས། སའི་གོ་ལའི་ཐོག་ནས་གཟའ་མིག་དམར་གྱི་སྟེང་དུ་བགྲོད་པ་ལ་ཆུ་ཚོད་གསུམ་ལས་མི་ཐོགས་ཤིང་། འོད་ལོ་བཅུ་གཅིག་བརྒལ་བའི་སར་གནས་པའི་སྐར་མའི་གོ་ལར་བགྲོད་པ་ལའང་ཉིན་བརྒྱད་ཅུ་ལས་མི་དགོས་ཟེར།
དེ་ཡང་ཐོག་མར་འཕྲུལ་ཆ་འདི་བཟོ་འཆར་གྱི་གྲོས་གཞི་འདོན་པ་བོ་ནི་འཇར་མན་གྱི་ཊ་ཨུར་ཚེ་ཅིས་ཐོ་གྲོང་ཁྱེར་གྱི་ཉེར་སྤྱོད་ཚན་རིག་སློབ་གྲྭའི་དངོས་ཁམས་རིག་པ་བ་དེ་སྔོན་ཡོ་རོབ་གནམ་རིག་ལས་ཁུངས་མཁའ་རླུང་སྒུལ་ཤུགས་རིག་པའི་མཁས་དབང་ཆའོ་སིན་ཧྭོ་སི་ཡིན་ཞིང་། ཁོང་ན་རེ། བར་སྟོང་ལས་བརྒལ་བའི་སྒུལ་སྐྱོད་འཕྲུལ་ཆས(超空间发动机)ཞེས་པ་འདི་ལ་བརྟེན་ནས་སྐར་མའི་ཁྱིམ་རྒྱུད་མི་འདྲ་བའི་བར་མྱུར་ཚད་མཐོན་པོས་འགྲུལ་བཞུད་བྱེད་ནུས་ཟེར། འདིའི་གཞུང་ལུགས་ཀྱི་རྨང་གཞི་ནི། དུས་རབས་སྔ་མའི་ལོ་རབས་ལྔ་བཅུ་བའི་ནང་འཇར་མན་གྱི་དངོས་ཁམས་རིག་པ་པ་ཆའོ་སིན་ཧྭོ་སི་ཞེས་པས་བཏོན་པའི་འཇིག་རྟེན་གྲུབ་ཚུལ་གྱི་གཞུང་ལུགས་རྩོད་གཞི་ཅན་དེ་ཡིན་ཞིང་། དེ་ལས་གལ་ཏེ་བར་སྟོང་ལས་བརྒལ་བའི་སྒུལ་ཆས་ཤིག་ལ་བརྟེན་ནས་སྟོབས་དང་ལྡན་པའི་ཁབ་ལེན་ནམ་ནུས་ཤུགས་ར་བ་ཞིག་བསྐྲུན་ཐུབ་ན། དེའི་ནང་གི་དངོས་པོ་དེ་བར་སྟོང་གཞན་པ་ཞིག་སྟེ་ཚད་མར་བར་སྟོང་ལ་འཇུག་ཐུབ། ཚད་མང་བར་སྟོང་ཁྲོད་དུ་འོད་ཀྱི་མྱུར་ཚད་དེ་དཀྱུས་མ་ལས་ལྡབ་མང་བོས་མྱུར་ཞིང་། མཁའ་སྤྱོད་འཕུར་གྲུའང་ཡིད་ཆེས་དཀའ་བའི་མྱུར་ཚད་ཀྱིས་འཕུར་བསྐྱོད་བྱེད་ནུས་པ་འབྱུང་། ནམ་འཕུར་སྐྱོད་བྱེད་མཚམས་བཞག་པ་དང་། བར་སྟོང་བརྒལ་བའི་སྒུལ་ཆས་གྱིས་བསྐྲུན་པའི་ཁབ་ལེན་ར་བའི་ནུས་པ་འགགས་ནས་ད་ལྟ་ང་ཚོ་གནས་སའི་བར་སྟོང་སྟེ་ངོས་གསུམ་བར་སྟོང་དུ་ཕྱིར་ལྡོག་པ་ཡིན། ཧྭེ་མོ༢༠༠༡ལོར་ཚེ་ལས་འདས་པའི་རྗེས། དགེ་རྒན་ཆེན་མོ་ཧྭོ་སི་དང་། ཨོ་ཏིས་ལིས་ཀྱི་འོར་ཐི་ཏི་ལོ་ལི་ཆེ་གཉིས་མཉམ་འབྲེལ་གྱིས། ཧྭེ་མོའི་ཉིང་རྡུལ་གཞུང་ལུགས་ལ་བརྟེན་པའི་མཁའ་སྐྱོད་སྐུལ་འདེད་སྒྲིག་ཆས་རྩ་གནད(建立在海姆量字理论上的太空推动装置之纲要)ཅེས་པའི་དཔྱད་རྩོམ་ཞིག་བྲིས་ཏེ། བར་སྟོང་ལས་བརྒལ་བའི་སྒུལ་ཆས་ཀྱི་གཞུང་ལུགས་ཉིད་ཞིབ་རྒྱས་སུ་བཀྲལ། རྩོམ་ཡིག་འདི་ལ༢༠༠༥ལོར་ཨ་རིའི་མཁའ་སྐྱོད་འཕུར་འགྲུལ་མཐུན་ཚོགས་ཀྱི་ཨང་དང་བོའི་དཔྱད་རྩོམ་གྱི་བྱ་དགའ་ཐོབ་པ་དང་། འཕྲལ་མ་ཉིད་དུ་ཨ་རིའི་སྲིད་གཞུངNASAདང་། ཨ་རིའི་མཁའ་དམག་ལས་ཁུངས་གཉིས་ནས་དོ་སྣང་ཚད་མཐོན་པོ་བྱས་པར་མ་ཟད། ཞིབ་འཇུག་བྱེད་མགོ་བརྩམས་པ་རེད། གལ་ཏེ་ཚོད་ལྟ་ལམ་ལོངས་བྱུང་ན་ད་ལྟའི་དངོས་ཁམས་རིག་པའི་ལྟ་བ་ལ་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་རྒྱུ་ཡིན་འདུག་གོ།
