ངས་བྲག་བརྐོས་ཀྱི་རི་མོ་མཐོང་བྱུང་།
༼༢༽ འོན་ཀྱང་འདི་ནི་གཞན་ཞིག་གིས་བསམ་བློའི་
འཆར་སྒོ་ལས་འཁྲུངས་པའི་གཟུགས་རིས་ཉག་གཅིག་སྟེ་
མཛེས་པ་ངོམས་པ་འདི་ཡང་གཞན་གྱིས་
བསྐྲུན་པའི་མཛེས་རྩལ་གཅིག་པུ་ཉིད་དང་
ནམ་ཡང་འབུར་དུ་ཐོན་སྟངས་
འདིའང་གཞན་གྱི་ཚོར་འདུ་ལས་བསྐྲུན།
༼༣༽ ཁྱོད་ཀྱི་གནས་མལ་དང་ཕུང་པོ་འདི་ཉིད་སུ་
ཞིག་གིས་རྩོལ་བ་ལས་གྲུབ་བམ་ཉི་འོད་དང་
ཆར་ཤུལ་འོག་གསལ་ལྷང་ལྷང་དུ་བཀྲ་བའི་ཁྱོད་རང་
ནམ་ཡང་རི་མོ་ཡིན་ལ་ཁྱོད་ཀྱིས་འཛུམ་སྟངས་
འདི་ཡང་རི་མོས་བསྐྲུན་པའི་རི་མོ་ཁོ་ན་སྟེ།
༼༤༽རི་མོ་ནི་དགའ་སྡུག་ཆགས་སྡང་གི་འགྱུར་འགྲོས་
ཇི་ཙམ་གཡོ་བར་འཛུམ་དམུལ་དམུལ་གྱིས་རྒོད་པ་
ལས་ཅི་ཞིག་གི་ཆེད་དུ་འཛུམ་སྟངས་དང་
སུ་ཞིག་གི་ཐོག་ཏུ་ཁྲོི་སྟངས་ཤིག
གཏན་ནས་མེད་པས་འདི་ནི་
ནམ་མཁར་ལག་པས་ཀེར་ནས་
སློང་མོ་རྒྱག་པ་དང་མཚུངས།
༼༥༽ མདོར་ན་བརྗོད་བྱ་ཇི་ཙམ་ཟབ་ཀྱང་རུང་
འཛུམ་རིས་ཇི་ལྟར་གསལ་ཡང་ཆོག་
དེ་ནི་རི་མོས་བསྐྲུན་པའི་རི་མོ་ཡིན་ལ
ཚུགས་ཀ་མེད་པའི་རྒོལ་སྟངས་དང་
ཚོན་གཞི་མེད་པའི་ཁ་དོག་སྟེ་་་་་།
འཛུམ་མདངས་རྒྱས་སྟངས་དང་
འོད་མདངས་འཕྲོ་སྟངས་ཤིག་ཡོད་ན
དེ་ནི་ནམ་ཡང་ཁྱོད་ཀྱི་ཡིན་མི་སྲིད།
༢༠༡༠། ༡༡། ༢༣ ཉིན།