སློབ་གྲྭའི་ཆོས་དགེ་རྣམས་ཀྱི་ཟབ་སྦྱོང།
ཟབ་སྦྱོང་དེའི་སྐོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་མཛད་སྒོའི་ཐོག་ངོ་སྤྲོད་ཀྱི་གསུང་བཤད་ནང་དུ། ཟབ་སྦྱོང་གི་རིང་ལ་ཝ་ཎཱ་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་ནང་ཆོས་ཉམས་ལེན་བྱ་རྒྱུའི་སྡེ་ཚན་དང་། ནང་པའི་ལྟ་གྲུབ་ཀྱི་རྣམ་བཞག ནང་ཆོས་ཀྱི་ཚན་རིག་བཅས་སྡེ་ཚན་གསུམ་གྱི་སློབ་ཁྲིད་གནང་རྒྱུ་དང་། ཤེས་རིག་དྲུང་ཆེ་ནས་ཆོས་དགེའི་བྱེད་སྒོ་ལམ་སྟོན་སྐོར་སློབ་ཁྲིད་གནང་རྒྱུ། ཝ་ཎཱ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དགེ་བཤེས་ཡེ་ཤེས་ཐབས་མཁས་ལགས་ཀྱིས་ནང་ཆོས་ཁྲིད་ཐབས་སྐོར་སློབ་ཁྲིད་གནང་རྒྱུ། ཝ་ཎཱ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དགེ་བཤེས་ཕུན་ཚོགས་དོན་གྲུབ་ལགས་ཀྱིས་ནང་ཆོས་ནས་གསུངས་པའི་ས་ལམ་རྣམ་གཞག་སྐོར་སློབ་ཁྲིད་གནང་རྒྱུ།
ཝ་ཎཱ་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་རབས་སློབ་དཔོན་བྱམས་པ་བསམ་གཏན་ལགས་ནས་ཆོས་འབྱུང་སྐོར་སློབ་ཁྲིད་གནང་རྒྱུ། སློབ་དཔོན་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་རིགས་ལམ་སྐོར་དང། སྐུའི་གསུང་སྒྱུར་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ནང་ཆོས་དང་ཚན་རིག་འབྲེལ་ལམ་སྐོར་དང་། སློབ་ཚན་གཞན་ལ་རིགས་ལམ་གྱིས་ཕན་གྲོགས་ཡོང་ཐབས། སློབ་མར་ནང་ཆོས་ངོ་སྤྲོད་གནང་ཐབས་བཅས་དང་། ཆོས་དགེ་ནང་ཁུལ་རིགས་ལམ་དང་ནང་ཆོས་སོགས་ཚོགས་ཆུང་ཆ་བགོས་ཀྱི་སློབ་ཁྲིད་ཉམས་མྱོང་སྤེལ་རྒྱུ། སློབ་གྲྭ་ཁག་ནང་རིགས་ལམ་སློབ་ཁྲིད་གནད་སྨིན་ཡོང་ཐབས་བཅས་ཀྱི་ཐད་ལ་གྲོས་སྡུར་བྱེད་རྒྱུའི་འཆར་གཞི་ཡོད་པ་རྣམས་འགྲེལ་བརྗོད་བྱས་ཡོད་པ་རེད།
ཐེངས་འདིའི་ཟབ་སྦྱོང་ནང་རྡ་ས་བོད་ཁྱིམ་ཁྱབ་ཁོངས་ནས་ཆོས་དགེ་༨ དང་མ་སུ་རི་བོད་ཁྱིམ་སློབ་གྲ་ཁག་ནས་ཆོས་དགེ་༢ སམ་བྷོ་ཊ་བོད་སློབ་ཁྱབ་ཁོངས་ནས་ཆོས་དགེ་༦ བོད་སློབ་འཛིན་ཚོགས་ནས་༡༧ བལ་ཡུལ་ནས་ཆོས་དགེ་གྲངས་༢ བཅས་ཁྱོན་ཆོས་དགེ་གྲངས་༣༥ ཐམ་པ་ཆེད་དུ་ཕེབས་ཡོད་པ་རེད།།
{jcomments on}