གསར་འགྱུར་མེ་ལོང་རྩོམ་སྒྲིག་ཁང་དང་ཞྭ་སྒ་པའི་གློག་བརྙན་ཁང། ད་དུང་ས་འདུ་ཚང་གི་བལ་ཁང་།

མེད་པ་ཅི་རིགས་ས་ཁུལ་འདིའི་ནང་ཕེབས་མྱོང་ཡོད་ཅིང། དམིགས་སུ་བཀར་ནས་བོད་ཡིག་ཐོག་ཚགས་པར་དང་པོ་དེའང་ལུང་པ་འདིའི་ནང་ནས་བོད་དུ་གཏོང་གི་ཡོད་པར་གྲགས། དེ་ཡང་མི་རིགས་ཧི་མ་ལ་ཡི་རིགས་རྒྱུད་ཁུ་ནུ་ནས་ཡིན་པའི་མཐར་ཕྱིན་བྷ་བྷུ་དམ་པས། བོད་ཡིག་ཐོག་ནས་གསར་འགྱུར་མེ་ལོང་ཞེས་པ་སྐབས་དེར་བོད་མི་ཚོས་ས་ཁུལ་འདིའི་ནང་ཚོང་དོན་ཇི་ལྟར་གཉེར་གྱི་ཡོད་པ་དང། བོད་ལུགས་ལྟར་བསང་གསོལ་ཇི་ལྟར་བྱེད་ཀྱི་ཡོད་མེད། རྒྱ་གར་དབྱིན་གཞུང་གི་སྲིད་དོན་ཁོར་ཡུག་ལ་འགྱུར་བ་ཇི་ལྟར་འགྲོ་ཡི་ཡོད་མེད་སོགས་བཀོད་དེ་ཚགས་པར་བཏོན་མྱོང་ཡོད་པ་དང། མཐར་ཕྱིན་བྷ་བྷུ་ཁོང་གིས། ངའི་ཚགས་པར་ཀློག་མཁན་ཡག་ཤོས་དེ་བོད་ནང་ཡོད་པ་དང་དེ་ཡང་སྐབས་དེའི་བོད་ཀྱི་དབུ་འཁྲིད་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་རེད་ཅེས་གསུང་མྱོང་ཡོད་པ་རེད།

དེ་བཞིན་མཐར་ཕྱིན་བྷ་བྷུ་ཁོང་གིས་དགེ་ཆོས་ཀྱིས་རྒྱ་གར་ལུང་པའི་ནང་ཉམས་ཞིབ་ཇི་ལྟར་བྱས་ཡོད་མེད་ཚགས་པར་ཐོག་བཀོད་མྱོང་ཡོད་པ་དང། དགེ་ཆོས་ཀྱི་གསུང་འབུམ་ནང་དུའང་མཐར་ཕྱིན་བྷ་བྷུའི་སྐོར་ལ་ཅུང་ཟད་བྲིས་ཡོད། འབའ་བ་ཕུན་ཚོགས་དབང་རྒྱལ་གྱིས་རྒྱ་གར་གྱི་དམར་ཕྱོགས་ཚོགས་པའི་རོགས་རམ་འཚོལ་ཆེད་དུ་རྒྱ་གར་ནང་འབྱོར་སྐབས་ས་གནས་འདིར་མཐར་ཕྱིན་བྷ་བྷུ་དང་དངོས་སུ་མཇལ་འཕྲད་བྱུང་ཡོད་པ་དང། ཁོང་ཀ་ལི་པུང་འདི་དང་ཉེ་བའི་རྒྱ་གར་གྱི་གྲོང་ཁྱེར་ཀ་ལི་ཀ་ཏ་ནང་རྒྱ་གར་གྱི་དམར་ཕྱོགས་ཚོགས་པའི་འཐུས་མི་རྣམས་ཐུག་འཕྲད་ལ་བསྐྱོད་སྐབས་མཐར་ཕྱིན་བྷ་བྷུས་ལམ་སྟོན་གནང་མྱོང་ཡོད་པ་རེད། འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་སྙིང་སྟོབས་དང།  ཁོང་གི་དམིགས་ཡུལ། རྒྱལ་ཞེན་སོགས་མཚོན་པའི་རྩོམ་ཡིག་དང་གསར་འགྱུར་མང་པོ་ཞིག་མཐར་ཕྱིན་བྷ་བྷུ་དམ་པ་དེས་ཁོང་གི་ཚགས་པར་གསར་འགྱུར་མེ་ལོང་ནང་བཀོད་ཡོད་པས། ཕྱིས་སུ་འབའ་བ་ཕུན་ཚོགས་དབང་རྒྱལ་རྒྱ་ནག་གིས་བཙོན་ཁང་དུ་བཅུག་སྐབས། ཕུན་དབང་ལ་རྒྱ་ནག་གི་དཔོན་རིགས་ཚོས། ཁྱོད་ཀྱིས་ས་གནས་མི་རིགས་རིང་ལུགས་ཇི་ལྟར་རྩོད་ཀྱི་ཡོད་མེད་རྒྱ་གར་ནས་ཐོན་པའི་ཚགས་པར་འདི་ལྟོས་ཟེར་ནས་ཕུན་དབང་གི་སྐོར་བཀོད་པའི་གསར་འགྱུར་མེ་ལོང་གི་འབོར་ཆེན་ཞིག་བཙོན་ཁང་དུ་གཡུགས་བྱུང་ཞེས་ཕུན་དབང་ཁོང་ཉིད་ཀྱི་གསུང་རྩོམ་ནང་བཀོད་ཡོད་པ་རེད། འདི་དང་འདི་བཞིན་བོད་ཀྱི་ས་མ་ཤོར་པའི་སྔོན་ནས་ཀ་ལི་པུང་དང་བོད་གཉིས་དབར་དམིགས་བསལ་གྱི་འབྲེལ་བ་ཆགས་ཡོད་པ་རེད།

བོད་ཀྱི་ས་ཤོར་ལ་ཉེ་བའི་སྐབས་ཨ་རི་གསང་བའི་ལས་ཁུངས་ཀྱི་གསང་བའི་རོགས་རམ་འོག་ནས། ལི་ཐང་བློ་ཚེ་དང་ཟླ་གྲགས། རྒྱ་རྡོ་དབང་འདུས། ཨ་ཐར། འབའ་བ་ལྕང་ར་བཀྲིས་སོགས་ལི་ཐང་ཨ་འབྲུག་སྦྱིན་བདག་མགོན་པོ་བཀྲིས་མཆོག་དང་སྲས་རྒྱལ་ལོ་དོན་གྲུབ། དྲུང་ཡིག་ལྷ་མོ་ཚེ་རིང་སོགས་ཀྱི་འཆར་འགོད་འོག་ནས། དང་ཐོག་ས་གནས་འདི་ནས་བྷང་ལ་བྷེ་ཤི་བརྒྱུད་དེ་ཨ་རིར་བཏང་ཡོད་པ་དང། ཁོང་རྣམས་ཀྱི་གསང་བའི་ལས་ཁུངས་ཀྱི་ལྟེ་གནས་ཁག་ཀྱང་ས་གནས་འདི་དང་རྡོ་གླིང་གཉིས་ནང་བཙུགས་མྱོང་ཡོད་པ་རེད། ཀ་ལི་པུང་ཁྲོམ་གཞུང་གི་ཤར་ངོས་སུ་རྫ་རི་དང་ནགས་རི་འདྲེས་མའི་རི་བོ་ཆེན་པོ་ཞིག་མཐོང་གི་འདུག རི་བོ་དེའི་ཕར་རྒྱབ་ན་བོད་ཀྱི་ས་ཁུལ་དྲོ་མོར་འབྱོར་གྱི་རེད་ཅེས་བོད་མི་རྒན་པ་ཚོས་གསུང་གི་འདུག དྲོ་མོ་ནི་ཕྱི་ལོ་༡༩༥༤ ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཉེན་ཡོལ་ཕེབས་སའི་ས་ཆ་དེ་ཡིན་པ་རེད། དེས་ན་ས་ཁུལ་འདི་བོད་དང་ཇི་ལྟར་ཐག་ཉེ་པོ་ཡིན་མིན་ང་ཚོས་རང་ཤུགས་ཀྱིས་ཤེས་ཐུབ་ཀྱི་འདུག ད་ལྟའི་སྐབས་ས་ཁུལ་འདི་ནས་བོད་དང་ཁ་ཐུག་ཚོང་གི་འགྲོ་ལམ་རྒྱ་དཀར་ནག་གཉིས་ཀས་སྒོ་ཕྱེས་མེད་པ་དང། གལ་སྲིད་བོད་ནང་ཚོང་ཟོག་དབོར་འདྲེན་བྱེད་དགོས་ཚེ། སྒང་ཏོག་བརྒྱུད་དེ་རྣ་ཐོས་ལའི་ཕྱོགས་སུ་འགྲོ་དགོས་ཀྱི་ཡོད་འདུག བོད་ཀྱི་ས་མ་ཤོར་པའི་སྔོན་ནས་བོད་པ་ཚོས་རྟ་དྲེལ་བརྒྱ་ཕྲག་མང་པོ་དེད་ནས་ཀ་རྡོ་སྒང་གསུམ་དུ་ཚོང་ལ་ཡོང་གི་ཡོད་པ་དང། སྒང་ཏོག་གི་ཁྲོམ་གཞུང་ཟུར་དུ་བོད་ཀྱི་ལམ་ <Tibet Road > ཟེར་བའི་དེང་རབས་ཀྱི་གཞུང་ལམ་ཞིག་འདུག  གཞུང་ལམ་དེ་ལ་མིང་དེ་ལྟར་བཏགས་དོན་ནི་སྔོན་དུས་བོད་པ་ཚོང་པ་ཚོས་རྟ་དྲེལ་དེད་ནས་ཡོང་སའི་གཞུང་ལམ་གཙོ་བོ་ཡིན་པས་དེ་ལྟར་བཏགས་པ་རེད་ཟེར་གྱི་འདུག གཞུང་ལམ་དེ་ཡར་དེད་ན་རི་བོའི་ངོས་ནས་བོད་ཀྱི་ས་ཁུལ་ཁག་དང་ཕར་འདྲེས་འདུག གཞུང་ལམ་དེའི་མཇུག་ཏུ་བོད་ཀྱི་ཚོང་པ་ཚོའི་རྟ་དྲེལ་འཇོག་ས་དང་ཚོང་ཟོག་བཙོང་ས་རེད་ཟེར་གྱི་འདུག ཡིན་ནའང་ད་ལྟའི་སྐབས་དེང་རབས་ཁྲོམ་བཟོས་ཏེ་ཤུལ་ཙམ་ཡང་མཐོང་རྒྱུ་མི་འདུག ཁ་སང་སྒང་ཏོག་སྐོར་གྱི་ཟིན་བྲིས་སུ་ངས་འདིའི་སྐོར་འབྲི་རྒྱུ་བརྗེད་འདུག་པས་ཁ་སྣོན་བརྒྱབ་པ་ཡིན།

ད་ལྟའི་སྐབས་ཀ་ལི་པུང་དུ་སྔོན་དུས་བོད་པའི་ཚོང་པ་ཚོའི་ལོ་རྒྱུས་དང་ཁང་ཤུལ་ཙམ་ལས་ལྷག་མི་འདུག གཅིག་ཁོ་ན་ཡོད་པ་ནི་ཞྭ་སྒ་པ་དབང་ཕྱུག་བདེ་ལྡན་ཚང་གིས་བསྐྲུན་པའི་གློག་བརྙན་ཁང་ཞིག་ཡོད་པ་དེ་རེད། གློག་བརྙན་ཁང་དེ་ཀ་ལི་པུང་ཁྲོམ་གཞུང་གི་ཟུར་ནས་འབུར་དུ་ཐོན་ཡོད་པ་དང་ཁང་དབྱིབས་ཀྱང་ནུབ་ཕྱོགས་པའི་ཁང་པ་འདྲ་པོ་ཡོད་ཅིང་ཕལ་ཆེར་ཐོག་བརྩེགས་བཞི་ཙམ་ཡོད་ཚོད་འདུག གློག་བརྙན་སྟོན་བྱེད་ཀྱི་འཕྲུལ་འཁོར་རྣམས་དབྱིན་ཡུལ་ནས་ཚུར་འཁྱེར་ནས་ཡོང་ཡོད་པས། ད་ལྟའི་སྐབས་འཕྲུལ་འཁོར་དེའི་རིགས་ཀྱིས་གློག་བརྙན་སྟོན་ཐུབ་ཀྱི་མེད་པས་བེད་མེད་ཆགས་ཡོད་པ་དང། ཉེ་སྔོན་གློག་བརྙན་ཁང་གི་ས་ཆ་དེའི་ཆེད་དུ་ཞྭ་སྒ་པའི་མི་ཚང་དང་། ཁང་ས་དེ་དང་འབྲེལ་ཡོད་ས་གནས་འདིའི་མི་ཚང་གཉིས་ཀྱི་དབར་རྩོད་གཞི་ཆགས་ཡོད་པ་དང། བོད་མི་ལ་ལས་ཟེར་ན་ཞྭ་སྒ་པའི་བུ་འདིར་ཡོང་ནས་གློག་བརྙན་ཁང་གི་ཁང་ས་དེ་ནས་ཁང་པ་ཆེན་པོ་བརྒྱབ་ནས།  བོད་ཀྱི་ཅ་ལག་སོགས་བཙོང་སའི་ལྟེ་གནས་ཆེན་པོ་ཞིག་བཟོ་འཆར་ཡོད་ཀྱང་ཁང་སའི་དོན་དུ་ཁྲིམས་གཏུགས་བྱས་ཡོད་པས་ད་ལྟའང་གཙང་མ་ཆགས་ཡོད་མ་རེད་ཟེར་གྱི་འདུག དེ་ནས་ས་འདུ་ཚང་སོགས་བོད་ཀྱི་མི་ཚང་ཆེན་པོ་དང་སྐུ་དྲག་ཁག་གཅིག་གི་བལ་ཁང་གི་ཤུལ་ཙམ་འདུག བལ་ཁང་འགའ་ཤས་བཤིག་ནས་དེའི་ཤུལ་དུ་བོད་པའི་སློབ་གྲྭ་བརྒྱབ་པའང་བྱུང་འདུག ཀ་ལི་པུང་བོད་གཞུང་སློབ་གྲྭར་འཛིན་གྲྭ་༡༢ བར་ཡོད་པ་དང་སློབ་མ་འགའ་རེ་མ་གཏོགས་ཚང་མ་བོད་ཕྲུག་རྐྱང་རྐྱང་རེད་འདུག དེ་བཞིན་སློབ་མ་རྣམས་ཀྱི་སྒྲིག་ཆས་གཙང་པ་དང་སློབ་མའི་གདོང་གཤིས་བཟང་བ། བོད་སྐད་ཐང་པ་སོགས་དབུས་བོད་སློབ་ཁག་ནས་སློབ་གྲྭ་དེ་སྤུས་ལྡན་ཞིག་རེད་འདུག་ཟེར་ནའང་ཆོག་ས་རེད། མི་མང་གི་འཚོ་བ་ཁ་འཐོར་བོད་མི་ཚོའི་འཚོ་བ་སྐྱེལ་སྟངས་དང་གཅིག་མཚུངས་རེད་འདུག སྒང་ཏོག་གི་བོད་མི་ཚོ་དང་འདྲ་བ་འབྱོར་ལྡན་མིན་ནའང་ཁང་ཁྱིམ་རང་བདག་སོགས་ཀྱིས་མཚོན་དཔལ་འབྱོར་གྱི་རྨང་གཞི་ཡག་པོ་འདུག ང་ས་གནས་འདིར་མཚན་གཅིག་ལས་བསྡད་མེད་པ་དང་དེའང་ཕྱི་དྲོར་འབྱོར་བ་དང་སྔ་དྲོ་ཐོན་དགོས་བྱུང་བས་རེ་རེ་བཞིན་འཚོལ་ཞིབ་ཀྱི་གོ་སྐབས་རག་མ་སོང། ཞྭ་སྒ་པའི་གློག་བརྙན་ཁང་དང་མཐར་ཕྱིན་བྷ་བྷུའི་གསར་འགྱུར་མེ་ལོང་རྩོམ་སྒྲིག་ཁང་གཉིས་གསལ་པོ་ཞེ་དྲག་མཐོང་བྱུང། གསར་འགྱུར་མེ་ལོང་རྩོམ་སྒྲིག་ཁང་གི་མདུན་དུ་པར་ཞིག་བརྒྱབ་དགོས་བསམ་བྱུང་ཡང་དུས་ཚོད་ཀྱིས་རྐྱེན་པས་བརྒྱབ་རྒྱུ་རག་མ་སོང་བས་འགྱོད་པ་ཅུང་ཟད་སྐྱེས་བྱུང། གང་ཡིན་ཟེར་ན་ང་གསར་འགོད་པ་ཡིན་པས་བོད་ཀྱི་ལོ་རྒྱུས་ཐོག་གི་ཚགས་པར་དང་རྩོམ་རིགས་སོགས་ལ་དོ་སྣང་བྱེད་དགོས་པ་དེ་རང་འཁྲི་རེད་བསམ་གྱི་ཡོད། ས་འདུ་ཚང་གི་བལ་ཁང་གི་ཤུལ་དང་དེ་མིན་གྱི་བལ་ཁང་ཁག་གི་ཤུལ་ཡུལ་མི་རྒན་པ་ཞིག་གིས་ང་ལ་མཛུབ་སྟོན་བྱས་པ་ལས་དངོས་སུ་འགྲོ་ཐུབ་མ་སོང།

ཕྱི་ལོ་༢༠༡༠ ཟླ་༡༡ ཚེས་༢༩ ཉིན་ཀ་ལི་པུང་གསར་འགྱུར་མེ་ལོང་གི་རྩོམ་སྒྲིག་གི་ཉེ་འགྲམ་ནས་ལི་ཐང་འཇམ་དབྱངས་བཟོད་པས།