དུས་ཚིགས་ཀྱི་སྨྲེ་ངག

 

 

 

ཀུན་གྱི་དུས་ཆེན་རྩི་བའི་དགུ་ཚིགས་དེར།།

མི་རྣམས་དགེ་བཅུ་སྒྲུབ་པའི་ཉིན་ཞག་དེར།།

སེམས་པ་འཁྱག་ལ་འབྱར་བའི་འཁྱམ་པོ་དེར།།

དགེ་སྡིག་སྤང་བླང་སེམས་པའི་གསེབ་ནས་ཡལ།།

 

ཆོས་ཀྱི་དབྱངས་རྟ་སྒྲོག་པའི་ས་ཚིགས་དེར།།

སེམས་ཀྱི་གནས་ལུགས་འཚོལ་བའི་ཆོས་རྭ་དེར།།

རྣམ་ཤེས་ཟུང་ལ་ཟད་པའི་འཁྱམ་པོ་དེར།།

སེམས་པ་བོར་བའི་ན་ཟུག་སྙིང་ལ་ལྗིད།།

 

 

མཆོད་སྤྲིན་སྟོང་གིས་མཆོད་པའི་ཞིང་ཁམས་དེར།།

ཆོས་ཀྱིས་སྒྲ་དབྱངས་སྒྲོག་པའི་མདུན་ས་དེར།།

རྣམ་ཤེས་གཡང་ལ་ཟགས་པའི་འཁྱམ་པོ་དེར།།

ཆོས་ཀྱི་གྲལ་ནས་སྡིག་པའི་ཁུར་གྱིས་མནན།།

 

སེར་ཆེན་མེ་ཏོག་བ་མོས་བཅོམ་དུས་དེར།།

ལོ་མ་སེར་པོ་ས་ལ་ཟགས་དུས་དེར།།

བརྩེ་སེམས་རླུང་ལ་ཤོར་བའི་འཁྱམ་པོ་དེར།།

སྟོན་རླུང་ངར་མས་སྙིང་ལ་གཟེར་ཤར་རྒྱག།

 

ཟླ་བ་མེད་པའི་ལྷིང་འཇགས་མཚན་མོ་དེར།།

སྐྱི་བསེར་རླུང་གིས་ཤུར་གླུ་ལེན་དུས་དེར།།

སེམས་པ་ཟླ་བར་ཁེན་པའི་འཁྱམ་པོ་དེར།།

འཁང་ར་ལས་ལ་ཤོར་བའི་སྨྲེ་ངག་འདོན།།

 

ངོ་གདོང་འཛུམ་གྱིས་བསུས་པའི་ཁ་སང་དེར།།

དེ་རིང་འཛུམ་བག་འགྱུར་བའི་ཆོ་འཕྲུལ་དེར།།

སང་ཉིན་འཆི་ལ་ཉེ་བའི་འཁྱམ་པོ་དེར།།

ཡོད་ཚད་རྫུན་མ་ཞིག་གི་སྣང་བ་ཤར།།

༢༠༡༠ : ༡༢:  :  དགའ་ལྡན་ལྔ་མཆོད་ཀྱི་དགོང་དྲོ་བྲིས།