འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོག་དགོས།

ཟླ་འདིའི་ཚེས་༧ ཉིན་རྒྱ་གར་གྱི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཧྥ་རན་སིའི་སྲིད་འཛིན་སཱར་ཀོ་རྫི་ཉིན་༤ རིང་རྒྱ་གར་དུ་གཟུགས་སྐོར་ལ་ཕེབས་ཡོད་པ་དང། ཁོང་གིས་རྒྱ་གར་གྱི་དཔོན་རིགས་ཁག་དང་ཚོང་པ་སོགས་ལ་ཐུག་འཕྲད་གནང་སྟེ། རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་ལས་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ཡོད་པ་དང། དམིགས་སུ་བཀར་ནས་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སི་དང་ཆུ་ཚོད་༢ མ་ཟིན་ཙམ་གྲོས་མོལ་གནང་སྟེ། གཙོ་བོ་རྒྱ་གར་དང་ཧྥ་རན་སི་གཞུང་གཉིས་དབར་རྡུལ་ཕྲིན་ཉོ་ཚོང་དང་། རྒྱ་གར་གྱི་ས་ཁུལ་མཱ་ཧཱ་རཱ་སི་ཐའི་ནང་ཕྱོགས་གཉིས་ཀས་ཨ་སྒོ་དུང་ཕྱུར་མང་པོའི་མ་རྩ་བཞག་ནས། རྡུལ་ཕྲན་ཚོང་ལས་མཐུན་ཚོགས་དང་རྡུལ་ཕྲན་བཟོ་སྐྲུན་འཆར་འགོད་ལ་མིང་རྟགས་བཀོད་ཡོད་པ་རེད། དེ་ནི་ཉེ་དུས་ཨ་རི་དང་ཨུ་རུ་སུའི་ངོས་ནས་རྒྱ་གར་དང་ལྷན་དུ་རྡུལ་ཕྲན་བཟོ་སྐྲུན་ལ་མ་རྩ་བཞག་ཡོད་པར། ཧྥ་རན་སི་གཞུང་གིས་འགྲན་རྩོད་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་མཁན་ཡང་བྱུང་ཡོད་པ་རེད།

sarkozy_and_manmoha_302738f

ད་དུང་ཧྤ་རན་སིའི་སྲིད་འཛིན་དང་རྒྱ་གར་གྱི་སྲིད་བློན་གཉིས་མཇལ་འཕྲད་སྐབས། རྒྱལ་ཚོགས་ཀྱི་སྒྲིག་གཞི་བཅོས་བསྒྱུར་གྱི་རྒྱ་གར་ལ་རྒྱལ་ཚོགས་སུ་གཏན་འཇགས་ཞབས་སྟེགས་ཐོབ་ཆེད་དང། འཛམ་གླིང་གི་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོག་ཐབས། འཛམ་གླིང་ཚོང་འབྲེལ་གྱི་སྒྲིག་གཞི་བསྐྱར་བཅོས། གོ་ལའི་གནམ་གཤིས་འགྱུར་ལྡོག་བཅས་ལ་གྲོས་མོལ་གནང་ཡོད་པ་དང་། ཁོ་གཉིས་ཀྱི་གྲོས་མོལ་གྲུབ་མཚམས་སུ། རྒྱ་གར་གྱི་ལྡི་ལི་གསར་པའི་ནང་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་ཡོད་པ་རེད། དེ་ཡང་རྒྱ་གར་གྱི་སྲིད་བློན་མཆོག་གིས། “སྲིད་འཛིན་ངེད་གཉིས་ཀྱི་གྲོས་མོལ་བརྒྱུད་དེ། རྒྱལ་ཁབ་གཉིས་ཟུང་འབྲེལ་ཐོག་ནས་རྡུལ་ཕྲན་བཟོ་སྐྲུན་གྱི་ལས་འཆར་བཀོད་ཡོད་པ་དང། དེ་ནི་མདུན་བསྐྱོད་ཀྱི་ལམ་བུ་གསར་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་”ཅེས་གསུངས་ཡོད་པ་དང། ཧྥ་རན་སིའི་སྲིད་འཛིན་མཆོག་གིས། “མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་ཞབས་སྟེགས་དེ་ནི་གོ་ལ་སྤྱི་སྙོམས་ཡོང་བར་གལ་ཆེན་ཆགས་ཡོད་པ་དང། རྒྱ་གར་གཞུང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཞབས་སྟེགས་དགོས་རྒྱུ་དེ་རྒྱ་གར་ཁོ་ནའི་ཆེད་དུ་མིན་པར། འཛམ་གླིང་སྤྱི་ཡོངས་ཀྱི་གནད་དོན་བདེ་འཇགས་དང་སྤྱི་སྙོམས་ཡོང་བར་ཤིན་ཏུ་གལ་ཆེན་ཡིན་”ཞེས་གསུངས་འདུག

ཡང་ཁོང་གིས་མུ་མཐུད་ནས། “འཇིགས་སྐུལ་རིང་ལུགས་པ་རྣམས་པཱ་ཀི་སི་ཐན་གྱི་ས་མཚམས་ཁག་ཏུ། བདེ་འཇགས་ལྷ་ཡུལ་ལས་སྐྱིད་པའི་ཐོག་ནས་གནས་ཡོད་པར། རྒྱ་གར་གཞུང་ཕྱོགས་ནས་གང་ཐུབ་ཁ་གཏད་གཅོག་བཞིན་པར་རྒྱབ་སྐྱོར་བྱེད་རྒྱུ་དང། ཁྱིམ་མཚེས་རྒྱལ་ཁབ་པཱ་ཀི་སི་ཐན་ངེས་པར་དུ་ཞི་བདེའི་ངང་ནས་གནས་ཐབས་བྱེད་དགོས་པས། ཧྥ་རན་སི་གཞུང་གི་ངོས་ནས་ཀྱང་། པཱ་ཀི་སི་ཐན་གཞུང་གིས་འཇིགས་སྐུལ་རིང་ལུགས་པ་ཚོར། ཁ་ཞེ་གཉིས་མེད་ཐོག་ནས་ཁ་གཏད་གཅོག་དགོས་པའི་སྐུལ་མ་བྱེད་རྒྱུ་ཡིན་”ཞེས་སོགས་གསུངས་ཡོད་པ་རེད།

{jcomments on}