ཕྱིར་རང་ལ་ཞིབ་དུ་བལྟས་དུས།
ལོ་ཟླ་རིམ་འདས་ཀྱི་རྗེས་སུ། ངས་སྐད་ཆ་བཤད་། སྐད་ཆ་དེ་ནི་བོད་སྐད་རེད། རྒྱུ་མཚན་ནི་ངའི་ཕ་མ་གཉིས་ཀ་བོད་མི་རེད། ཁོང་རྣམ་པ་གཉིས་ཀྱིས་ང་ལ་བསླབ་པ་དེ་ཡང་བོད་སྐད་ལས་གཞན་ཞིག་གང་དུ་ཡོད། དེ་ནས་བཟུང་ངས་བཤད་ཤེས་པའི་སྐད་ཐོག་མ་དེ་ནི་བོད་སྐད་ཡིན་ལ། ང་ལ་བོད་པའི་རྣམ་ཤེས་ཤིག་ཡོད་པ་དེ་ནས་བཟུང་ངེས་འཛིན་བྱས་ན་འགྲིག་པ་ཡིན།
ལོ་ཟླའི་གནས་བབ་དང་། བྱིས་པའི་ལོ་ཚད་དང་བསྟུན་ནས་ངའི་ཕ་མ་གཉིས་ཀྱིས་ང་རང་སློབ་གྲྭ་ཞིག་ལ་བསྔགས། སློབ་གྲྭ་དེ་ནས་ཀྱང་ངས་བོད་ཀྱི་སྐད་ཡིག་སྤྱངས། ང་རང་ཡང་བོད་ཀྱི་སྐད་ཡིག་ལ་དགའ་བའི་མི་བུ་ཆུང་ཆུང་ཞིག་དུ་གྱུར། དེ་ནས་བཟུང་། ང་རང་གི་ཤེས་པ་དེ་ནི་བོད་ཡིག་རེད། ངས་ཀྱང་རང་ཉིད་ལ་དབང་བའི་སྐད་ཡིག་ནི་བོད་ཀྱི་སྐད་དང་ཡི་གེ་ཡིན་པ་ཤེས་པའི་ལམ་ཕྲན་དང་བོ་དེ་ནས་བྱུང་།
ལམ་ཕྲན་དེ་ནས་ང་རང་ག་ལེར་སོང་དུས། ང་ལ་ང་ལས་ལྷག་པའི་རིན་ཐང་ཞིག་ཡོད་པ་ཤེས་སོང་། དེ་ནི་ང་རང་གི་སྐད་ཡིག་ལས་རྙེད་པའི་མི་བུའི་འདུ་ཤེས་དང་། མི་བུའི་བསམ་བློ། མི་བུའི་ནུས་པ། མི་བུའི་གོ་རྟོགས། མི་བུའི་མདུན་པ། དེ་དག་གི་གསང་དུ་ཡང་། གསང་བའི་ཡིག་འབྲུ་ལས་འབུར་བའི་བསྐལ་བ་སྟོང་གི་གསེར་སྲང་གི་བཞེང་བའི་གཙུག་ལག་གི་གླེག་བམ་ཆེས་མི་ཉུང་བ་ཞིག་མིག་ལམ་དུ་ཤར་ནས་འོང་དུས། རང་ཉིད་ཀྱི་འགན་འཁྲི་ནི་རང་གི་ཚེ་སྲོག་ལས་ཀྱང་ལྕི་བ་ཤེས་སུ་བཅུགས།
སྐབས་འདི་འདྲ་ཞིག་ལ། བར་ཆད་ཀྱི་རླུང་འཚུབ་ཅིག་གིས། སྡོང་ལཽ་འདྲ་བའི་ང་ཡི་མི་ཚེ་ལ་སྐད་ཅིག་རེ་རེ་བཞིན། མི་འདོད་ཀྱང་ལྡོག་དུ་མེད་པའི་འགྱུར་བ་ཆེན་པོ་བྱུང་། དེ་ནས་བཟུང་། ངས་བཤད་དགོས་པ་དེ་ཡང་རང་ཉིད་ཆུང་ནས་བསླབ་པའི་སྐད་ཡིག་དེ་མིན་ལ། རང་ཉིད་ཆུང་ནས་འདྲིས་པའི་ཤ་གསེང་རུས་གསེང་ལ་འཇར་བའི་རྩམ་དྲི་འཐིལ་བའི་བོད་སྐད་དེ་མིན། ཡིན་ཡང་། ངས་ཉིན་རེ་བཞིན་སྤྱོད་ཀྱིན་པ་དེ་ནི་མི་བུ་གཞན་ཞིག་གི་ཐོབ་ཐང་དང་བདག་དབང་ཡོད་པའི་སྐད་ཡིག་ཞིག་དུ་གྱུར་ཡོད་ཀྱང་། དེ་ཡིས་ང་ལ་བརྩེ་བ་སྟེར་ཐུབ་ཀྱི་མི་འདུག་ལ། དེ་ཡིས་ང་ལ་ནམ་ཡང་སེམས་པ་བརླན་ཐུབ་ཀྱི་མི་འདུག ད་དུང་། དེ་ཡིས་ང་རང་བོད་མི་ཡིན་པའི་བདེན་དབང་དེ་ཡིན་བྱེད་ཐུབ་མ་སོང་།