ཁོང་ལ་གཅེན་པོ་འཇའ་པེ་ཟེར་བ་ཞིག་ལས་མེད། ཁོང་ཆུང་དུས་ནས་བརྩེ་བའི་ཨ་མ་དང་། སྤོ་སྤོ་གྲོངས་ཏེ། ཨ་རྒན་གྱིས་ཁྱིམ་གཞིས་སྟོང་།
༡༩༥༨ ཁོང་ལོ་བཅུ་ལ་སླེབས་དུས་དགྲ་དམག་གིས་བོད་ཁམས་སྨད་ཕྱོགས་སུ་བཙན་འཛུལ་བྱས་ཏེ། ཁོང་གི་ཕ་རྒན་གྱིས་བུ་གཉིས་ཉི་མ་ལྷ་ས་ལ་བསྐྱལ་ཐུབ་ན་སྲོག་མགོ་ཐོན་པའི་རེ་བ་བྱས་ནས། དབུས་ཕྱོགས་སུ་བྲོས་བྱོལ་ཡོང་མོད། ལམ་བར་ནས་ཕ་རྒན་དགྲ་དམག་གིས་བསད་དེ། ཁོང་དང་གཅེན་པོ་གཉིས་དྭ་ཕྲུག་ཏུ་ལུས་པ་དང་། བཙོན་ཁང་ནང་བཙུད། བཙོན་གྲོལ་ཐོབ་རྗེས། དྲྭ་ཕྲུག་དང་རྒན་ཁོག་སྟོང་ཚོ་བརྒལ་བའི་སློབ་གྲྭ་ཞིག་ཏུ་མངག་ཀྱང་། ཟླ་ངོ་འགའ་ལ་ཟ་མཐུང་ཅིའང་མ་བྱིན་པས་མུ་གེ་ཚེས་ནས། ཀོ་ལྤགས་དང་། རྩྭ་ལྡུམ་ཡང་གཟའ་རྒྱུ་མ་རག་པ་བོད་མི་མང་ཤོས་མུག་ཤི་ཐེབས་པ་སོགས་ཀྱི་དཀའ་སྡུག་ཁྲོད་འཚར། དེ་རྗེས་ཆུ་དམར་ལེབ་རྫོང་སོགས་ནས་སློབ་སྦྱོང་རིམ་པ་བྱས་ཤིང་།
སློབ་ཐོན་རྗེས་སུ། དགེ་རྒན་དང་། ཁྲིམས་དཔོན་གཞོན་པ་སོགས་ཀྱི་ལས་དཀའ་བྱས། ཁོང་གིས་རིས་མེད་ཐུབ་བསྟན་ཆོས་འཁོར་གླིང་ཞེས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ས་ཞིག་བཞེངས་པ་དང་། ཕྱི་ལོ་༢༠༠༠ ལོར་དཀར་མཛེས་དགེ་བཤེས་བསོད་ནམས་ཕུན་ཚོགས་ལགས། དགྲ་གཞུང་གིས་འཛིན་འཇུག་གིས། ཉེས་མེད་ཉེས་འདོགས་དང་། བཙོན་འཇུག་མནར་གཅོད་རིམ་པ་གཏོང་བཞིན་པའི་སྐབས། ཁྲིམས་རྩོད་པའི་འགན་བླངས་ནས། དག་སེལ་གྱི་གཏམ་བཤད་རིམ་པ་བྱས་པ་སོགས་སྤྱི་ཚོགས་ཀྱི་བདེ་རྩ་སྒྲུབ་མུས་ཐོག་མི་ཚེ་སྐྱེལ་བཞིན་ཡོད་འདུག
ཁོང་གིས་དགྲ་དམག་གི་བཙན་འཛུལ་བྱས་པའི་༡༩༥༨ ལོ་དང་དེའི་རྗེས་ཀྱི་བོད་མི་རིགས་ཀྱིས་བཙོན་ཁང་དང་། མུ་གེའི་དཀའ་སྡུག་འོག་མནར་གཅོད་མྱངས་པ་དང་། བོད་མི་རིགས་ཀྱི་ཚེ་སྲོག་འཐབ་རྩོད་ཀྱི་དངོས་དོན་ལོ་རྒྱུས་ཀྱིས་གྲུབ་པའི་(ནགས་ཚང་ཞི་ལུའི་སྐྱིད་སྡུག)ཞེས་པ་སྔོན་མེད་ལོ་རྒྱུས་ཀྱི་ཁ་བཀང་དུ་བྲིས་ཤིང་། འགྲིམ་སྤེལ་བྱས་པ་ནས། དེར་ལེགས་གསོའི་བསྔགས་བརྗོད་གྲངས་མང་འབྱོར་པ་ནི། དགྲ་མིས་བོད་ཀྱི་རྒྱལ་ཁབ་འཕྲོག་པའི་གོ་རིམ་ཅན་གྱི་ལོ་རྒྱུས་ཞིག་ངག་སྒྲུང་ཙམ་མིན་པ་ཞིབ་ཚགས་པོས། བཙན་འོག་གི་བོད་ནང་ནས་ཡིག་ཐོག་ཕབ་བའི་སྙིང་སྟོབས་དང་། ལྷག་བསམ་ལས་བྱུང་བ་རེད་སྙམ་ལ། ལོ་རྒྱུས་ཀྱི་དངོས་སྒྲུང་འདིར་བརྟེན། ད་ལྟའི་བཙན་བྱོལ་དང་བཙན་འོག་ཏུ་ཡོད་པའི་སྣང་བ་མཐོན་པོ་ཅན་གྱི་བོད་པ་ཚོར། དྲན་བསྐུལ་རེ་གཏོང་ཡོད་འདུག་པ་དང་།
བོད་མི་རིགས་དང་རྒྱལ་ཁབ་ལ་དགའ་ཞིང་དེའི་འཐབ་རྩོད་ལ་ཕྱོགས་པའི་སྐྱེས་བུ་རྣམས་ལ་མིག་ཆུའི་རམ་འདེགས་རེར་དང་། སྙིང་ཁམས་ལ་ངར་ཤུགས་རེར། ད་དུང་བཟོད་མི་ཐུབ་པའི་ཁོང་ཁྲོ་ཐོལ་བ་ཞིག་ཀྱང་སློང་ཡོད་པ་བཤད་ཆོག དེ་བཞིན་འཛམ་བུ་གླིང་བའི་ངོར་དགྲ་བོད་ཀྱི་དཀའ་རྙོག་འདི་མི་རིགས་ཤིག་གི་ཤི་གསོན་དང་། ཚེ་སྲོག་ཞིག་གི་འཐབ་རྩོད་ཡིན་པའི་བདེན་དཔང་ཀྱང་བྱས་ཡོད་ལ། དགྲ་ནག་གི་མི་རབས་གསར་བ་ཚོ་ལའང་ཁྱེད་ཚོའི་མི་རིགས་ཀྱིས་བོད་ལ་ཅི་ཞིག་གི་བུ་ལོན་ཆད་ཡོད་པའི་གསལ་འདེབས་ཤིག་ཀྱང་ཆགས་ཡོད་དྲན།
དེ་ལྟ་བུའི་རྩོམ་ཡིག་དེར་ལེའུ་དྲུག་གིས་བརྗོད་གཞི་བསླངས་འདུག
༡ ལེའུ་དང་པོ། མི་ལུས་ཐོབ་པའི་དགའ་སྐྱོ་སྡུག་གསུམ།
༢ ལེའུ་གཉིས་པ། མི་ཚེའི་སྐྱིད་སྡུག་རྒོ་བོའི་རྭ་ཚིགས།
༣ ལེའུ་གསུམ་པ། དབུས་ཇོ་བོའི་གསེར་ཞལ་མཇལ་བ།
༤ ལེའུ་བཞི་བ། ཕ་ཡུལ་དུ་སླེབས་པའི་སྔ་རྗེས།
༥ ལེའུ་ལྔ་བ། ས་མཐར་འཁྱམས་པའི་སྐྱོ་སེམས།
༦ ལེའུ་དྲུག་པ། ཡ་ང་བའི་དྭ་ཕྲུག་གི་འཚོ་བ་བཅས་ལེ་ཚན་དྲུག་གིས་གྲུབ་འདུག
མུ་འགོད་ཀྱི་ལེ་ཚན་ནང་༼ནགས་ཚང་ཞི་ལུའི་སྐྱིད་སྡུག་༽ནང་གི་དགྲ་དམག་བོད་ལ་བཙན་འཛུལ་བྱས་སྟངས་དང་། སྐབས་དེའི་བོད་པ་ཚོས་དཀའ་སྡུག་ཇི་ལྟར་མྱོང་ཡོད་པའི་སྐོར། བོད་ཀྱི་དགོན་སྡེ་གཏོར་བཅོམ་གང་འདྲས་བཏང་ཡོད་པ་བཅས་གཙོ་འདོན་གྱིས་གླེང་རྒྱུ་ཡིན།
ངོས་སྦྱོར་འདི་བོད་ཀྱི་དཔེ་རྒན་པ་དང་ཡིག་རྙིང་པ་དག་ལ་དམིགས་མེད་པའི་ལྡོག་ཕྱོགས་སུ་ལོ་རྒྱུས་གསར་བ་མི་གསར་བ། མིག་གསལ་བ། བོད་གསར་བ་ཚོར་ཕྱོགས་པ་ཞིག་ཡིན་ཞུ།
དེབ་འདི་རག་འདོད་མཆིས་ཚེ། བཙན་བྱོལ་ནང་དུ་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་དཔེ་བསྐྲུན་གནང་ཡོད་པ་རེད་ལགས།