ཆབ་སྲིད་བཙོན་པ་དོན་འགྲུབ་དབང་ཆེན་དང་དྷ་སའི་མཚན་ཚོགས།

ཁྱབ་བསྒྲགས་ནང་འཁོད་ཡོད་པ་ལྟར། ཆབ་སྲིད་བཙོན་པ་དེ་གཉིས་ཀྱི་སྐོར་རྣམ་པ་གང་ཡང་བསྟན་མེད་པས། དྷ་སའི་ཁྲོམ་གཞུང་དུ་དེའི་སྐོར་བགྲོ་གླེང་བྱེད་མཁན་མང་པོ་འདུག གཟིགས་མོ་བ་ཞིག་གིས་ང་ལ། ཁ་སང་དགོང་མོའི་མཚན་ཚོགས་ནང་ཆབ་སྲིད་བཙོན་པ་གཉིས་ལ་བསྟོད་སྔགས་དང་། མི་མང་གི་སེམས་ཤུགས་འཕགས་ཐབས། ཡང་ན་ཡིད་སྐྱོ་བའི་གནས་ཚུལ་མང་པོ་ཞིག་སྙན་པའི་གླུ་དབྱངས་ཀྱི་ཐོག་ནས་ཁྱབ་བསྒྲགས་བྱེད་ཀྱི་རེད་བསམ་ནས་ལྟད་མོར་སོང་པ་ཡིན། དེ་ལས་ལྡོག་སྟེ་གར་སྟེགས་སྟེང་ཡོད་པའི་གཞས་གཏོང་མཁན་ཚོས་དེ་རིང་ང་ཚོ་སྐྱིད་པོ་གཏོང་བའི་དུས་ཚོད་རེད། ཚང་མས་གཞས་མཉམ་དུ་གཏོང། སྐྱིད་པའི་གོ་བྲོ་འཁྲབ་ཟེར་ནས་སྡིང་ཆའི་སྒང་ནས་ཤོར་ཤོར་རེད་འདུག་པས། མཚན་ཚོགས་སྔོན་བརྡའི་ཁྱབ་བསྒྲགས་དང་རྩ་བ་ནས་མཐུན་གྱི་མི་འདུག ང་ལྟད་མོ་མ་ཚར་གོང་ནས་ལོག་ཡོང་བ་ཡིན་ཞེས་གསུངས་བྱུང། ཉིན་དེའིརྗེས་སུ་རེ་གཟའ་ཉི་མ་ཡིན་པའི་གུང་སེང་དང་བསྟུན་ནས། ང་མེ་གྷན་དུ་བོད་ཕྲུག་ཁྱིམ་སྡེའི་ཇ་ཁང་ནང་སོང་པ་ཡིན། སྐབས་དེར་མི་དར་མ་གཉིས་ཀྱིས་མཚན་ཚོགས་དེའི་སྐོར་གླེང་མོལ་བྱེད་ཀྱི་འདུག གཅིག་གིས་བཀྲས་ཆུང་གིས་དྷ་སར་ཕྲུ་གུ་ལེན་ས་ཡོང་བ་དང་བསྟུན་ནས་ཟློས་གར་ནང་གཞས་ཞིག་བཏང་སོང་། གཞས་དེ་ནི་རྙིང་པ་རྒྱུན་ལྡན་གཏོང་གི་ཡོད་པ་དེ་རེད། གཞས་ཀྱི་འོད་སྡེར་གསར་པ་འགའ་ཁྱབ་བསྒྲགས་བྱས་སོང་། དེ་ནི་ཁྲོམ་རའི་ཆེད་དུ་རེད་གཞན་དམིགས་བསལ་གང་མི་འདུག་ཅེས་བརྗོད་སོང། ཡང་མི་གཞན་དེས་མཚན་ཚོགས་དེ་ལ་བསམ་བློ་གཏོང་ས་གཅིག་འདུག གང་ཡིན་ཟེར་ན་བོད་ནང་གི་གཞས་པ་ཚོས་ཆབ་སྲིད་ཀྱི་སྐོར་བཏང་བའི་འོད་སྡེར་ཞིག་བསྟན་སོང། དེའི་ནང་གི་ཆབ་སྲིད་ཀྱི་ཚིག་འགྲེལ་བརྗོད་གནང་མཁན་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་རེད་འདུག་པས། མཚན་ཚོགས་དེ་ལ་ལས་འགུལ་གྱི་རྣམ་པ་ཤུགས་ཆེན་པོ་འདུག་ཅེས་བརྗོད་སོང། གང་ལྟར་ལས་འགུལ་ཡིན་ནའང་ལུགས་མཐུན་ཡིན་པ་དང། དེ་ལ་འགྲེལ་བརྗོད་ལོག་པ་གང་ཡང་བརྒྱབ་རྒྱུ་མེད། འཛམ་གླིང་ནང་ལས་འགུལ་སྤེལ་མཁན་ཚོས་གཞས་པ་གཞས་མ། སྒྱུ་རྩལ་བ། གློག་བརྙན་འཁྲབ་སྟོན་པ་སོགས་མི་སྣ་སྐད་གྲགས་ཅན་གདན་ཞུས་ཀྱིས་ལས་འགུལ་སྤེལ་བའི་རིགས་མང་པོ་མཐོང་རྒྱུ་ཡོད། ད་ལྟའི་སྐབས་མི་མང་པོ་ཞིག་གིས་བགྲོ་གླེང་བྱེད་ཀྱི་ཡོད་པ་ནི། བོད་ནང་གི་ཆབ་སྲིད་བཙོན་པ་ཚོར་རྒྱབ་སྐྱོར་གྱི་རྣམ་པ་གང་ཡང་མ་བསྟན་ནའང།  མི་མང་འཛོམས་ཐབས་སུ་མཚན་ཚོགས་སྔོན་བརྡའི་ཁྱབ་བསྒྲགས་ནང་དེ་དག་གི་མིང་བེད་སྤྱད་པ་ལུགས་མཐུན་མ་རེད་ཅེས་བརྗོད་ཀྱི་ཡོད་པ་དེ་རེད།