སུའུ་ཌན་ལྷོ་བྱང་གཉིས་ཀྱི་རང་བཙན་རྩོད་གླེང་།
དེ་ཡང་ཟླ་འདིའི་ཚེས་༡༨ ཉིན་“འཛམ་གླིང་རྩོད་གླེང་གི་གསར་འགྱུར་”ཞེས་པའི་དྲ་ལམ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། སུའུ་ཌན་ལྷོ་བྱང་གཉིས་ཀྱི་དུས་རབས་ཕྱེད་ལྷག་ཙམ་གྱི་རིང་ལ་ནང་འཁྲུག་བརྒྱབ་ནས། མཐར་༢༠༠༥ ལོར་ལྷོ་བྱང་གཉིས་ཀས་ཞི་བའི་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ཆིག་སྒྲིལ་བྱས་ཡོད་པ་དང། ཞི་བའི་གྲོས་མཐུན་དེའི་ནང་ལྷོ་བྱང་གཉིས་ཆིག་སྒྲིལ་བྱས་ནས་གཏན་འཇགས་བསྡད་པའམ། ཡང་ན་རང་བཙན་བྱས་ནས་སྡོད་འདོད་ཡོད་ན་མི་མང་ལ་ཐག་གཅོད་བྱེད་པའི་དབང་ཆ་ཡོད་ཅེས་བཀོད་ཡོད་པས། སུའུ་ཌན་ལྷོ་ཁུལ་གྱིས་དེང་སྐབས་རང་བཙན་གྱི་བདག་དབང་དགོས་སྐོར་བརྗོད་ཀྱི་ཡོད་པ་རེད།
སུའུ་ཌན་ནང་རྡོ་སྣུམ་གྱི་གཏེར་ཁ་ཧ་ཅང་ཆེན་པོ་ཡོད་པ་དང། གཞུང་གི་ཚོང་ལས་དང་མི་མང་གི་འཚོ་བའི་གཞི་རྟེན་གཙོ་བོ་རྡོ་སྣུམ་དང་འབྲེལ་བ་ཆགས་ཡོད་ཅིང། སུའུ་ཌན་གཞུང་གིས་ལྷོ་བྱང་གཉིས་ཀའི་ནང་ཡོད་པའི་རྡོ་སྣུམ་གྱི་བཟོ་གྲྭ་མཉམ་ལས་བྱེད་ཀྱི་ཡོད་རུང། གཏེར་ཁའི་ས་གནས་ཆེ་ཤོས་རྣམས་ལུང་པ་དེའི་ལྷོ་ཕྱོགས་སུ་ཁེལ་གྱི་ཡོད་པ་དང། ལྷོ་ཕྱོགས་སུ་ཡོད་པའི་སུའུ་ཌན་མི་མང་གིས་ལྷོ་ཕྱོགས་ས་ཁུལ་བྱང་ཕྱོགས་དང་ཁ་བྲལ་ཏེ། རང་བཙན་གྱི་བདག་དབང་དགོས་པའི་འོས་ཤོག་ཕོན་ཆེན་བླུགས་ཡོད་པ་རེད། བྱང་ཕྱོགས་སུ་ཡོད་པའི་མི་མང་ལ་རང་བཙན་གྱི་བདག་དབང་དགོས་ཀྱི་ཡོད་ཀྱང། སྣུམ་གྱི་གཏེར་ཁའི་ས་ཁུལ་སྤྱི་སྙོམས་མ་ཡོང་ན། ལུང་པའི་དཔལ་འབྱོར་དང་མི་མང་གི་འཚོ་བའི་གཞི་རྟེན་སྲ་བརྟན་ཡོང་ཐུབ་མིན་ལ་འཇིགས་སྣང་བྱེད་བཞིན་ཡོད་འདུག
ལོ་རྗེས་མ་སུའུ་ཌན་ལྷོ་ཁུལ་མི་མང་གི་རེ་འདུན་ལྟར་རང་བཙན་གྱི་བདག་དབང་སྤྲད་པ་ཡིན་ན། རྡོ་སྣུམ་གྱི་བཟོ་གྲྭ་དང་ས་མཚམས་ཀྱི་དམག་དཔུང། དེ་བཞིན་ཡུལ་མི་ཕན་ཚུན་འགྲོ་བསྐྱོད་སོགས་ཀྱིས་མཚོན། སྔོན་དུས་ལྟར་ཕྱོགས་གཉིས་ཀར་ནང་འཁྲུག་གི་ཉེན་ཁ་ཆེ་བས། ངེས་པར་དུ་ཞི་མོལ་གྱི་ལམ་ནས་ཐབས་ལམ་འཚོལ་དགོས་ཞེས་གཞུང་གིས་ཁྱབ་བསྒྲགས་བྱེད་བཞིན་ཡོད་ཅིང་། ༢༠༡༡ ལོའི་ཕྱི་ཟླ་ ༡ ནང་པོའི་ནང་སྔོན་དུས་ཀྱི་གྲོས་མཐུན་དེ་རང་སོར་འཇོག་གི་ཡོད་མེད་དང། ཡང་ན་ལྷོ་བྱང་གཉིས་ལ་རང་བཙན་གྱི་བདག་དབང་སྤྲོད་རྒྱུ་ཡིན་མིན་ཐད་ལ་གྲོས་མོལ་བྱེད་འཆར་ཡོད་པས། སྐབས་དེར་གཟབ་ནན་མ་བྱས་ན་ཉེན་ཁ་ཆེན་པོ་ཡོད་པའི་སྐོར་ཡུལ་དེའི་སྲིད་བློན་གྱིས་བརྗོད་ཡོད་པ་རེད།
གལ་སྲིད་ལོ་རྗེས་མ་ལྷོ་ཕྱོགས་སུའུ་ཌན་གྱི་རང་བཙན་བདག་དབང་དེ་ཕྱིར་འཐེན་བྱས་པ་ཡིན་ན། ལྷོ་བྱང་གཉིས་ནས་ཐོན་བསྐྱེད་བྱེད་བཞིན་པའི་རྡོ་སྣུམ་གྱི་དཔྱ་ཁྲལ་རྣམས། གཞུང་ལ་རྒྱུན་ལྡན་ལྟར་སྤྲད་ཐུབ་མིན་དང། དཔྱ་ཁྲལ་གྱི་ལམ་ལུགས་དེ་རྒྱུན་གནས་ཐུབ་མིན་ལ་སྔོན་དཔག་བྱེད་ཐུབ་ཀྱི་མེད་པས། གནད་དོན་དེ་ནི་ཕྱོགས་གཉིས་ཀྱི་ཆབ་སྲིད་ཚོགས་པ་སོགས་ཀྱིས་བསམ་བློ་གཏོང་དགོས་པ་དང། དཀའ་ངལ་སེལ་བའི་ཐབས་ལམ་འཚོལ་དགོས་པ་རེད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
ཡང་འགའ་རེས་བྱང་ཁུལ་དུ་ཡོད་པའི་མི་མང་གི་འཚོ་བ་སྐྱོ་པོ་ཡིན་པ་དང། ལྷོ་ཁུལ་གྱི་མི་རྣམས་འབྱོར་ལྡན་ཡིན་པས་ལྷོ་ཕྱོགས་ས་ཁུལ་རང་བཙན་ཆགས་ཐབས་སུ། དམག་འཁྲུག་དང་རྒྱལ་སྤྱིའི་ཉེན་བརྡ་གང་ལའང་འཛེམས་ཀྱི་མ་རེད་ཅེས་བརྗོད་མཁན་ཡང་བྱུང་ཡོད་པ་རེད།།
.