བོད་སྐད་རྒྱུད་འཛིན་དང་འབྲེལ་བའི་ཕ་བུ་གཉིས་ཀྱི་སེམས་གཞས།

སྐབས་དེར་གཞས་པ་ཇོ་ལགས་བཀྲས་ཆུང་ཡང་ཕེབས་འདུག ཁོང་ནི་དབུ་སྐྲ་རིང་བ་དང་གཟུགས་ཆེན་པོ། མི་གཤིས་བཟང་བའི་ཉམས་ལྡན་པའི་བཙན་བྱོལ་བོད་མའི་གཞས་པ་ཞིག་རེད་ལ། དམིགས་བསལ་སྲོལ་རྒྱུན་གྱི་རོལ་ཆའི་སྐོར་ལ་ཧ་ཅང་མཁས་པས། བཙན་བྱོལ་སྤྱི་ཚོགས་ནང་ཕལ་ཆེར་ཁོང་མི་ཤེས་མཁན་མེད། སྤྱི་ཚོགས་འདིའི་ནང་བོད་ཀྱི་གླུ་གཞས་སྒྱུ་རྩལ་ཉམས་པ་སླར་གསོ་དང། གསར་གཏོད་བྱེད་མཁན་གྱི་སྣེ་ཁྲིད་པ་གཅིག་རེད། སྐབས་དེར་ཁོང་གི་དགུང་ལོ་མཐོ་བའི་པ་ལགས་མཉམ་དུ་འདུག་ལ། ཧ་ཅང་བྱམས་བརྩེ་ཆེ་བའི་སྒོ་ནས་པ་ལགས་སུ་གུས་ཞབས་བྱེད་སྟངས་ལ་བལྟས་ན་བོད་པའི་ཡ་རབས་བཟང་སྤྱོད་ཀྱང་ཉམས་མི་འདུག ནུབ་ཕྱོགས་པ་ལྟ་བུའི་ཕ་མ་རྒན་ཁོགས་ཆགས་དུས་རྒན་གསོ་ཁང་དུ་བདག་མེད་ངང་ལུས་པ་ལྟ་བུར་བལྟས་ན། བོད་པའི་མི་རབས་རྒན་པ་ཚོ་བསོད་ནམས་ཆེན་པོ་རེད་བསམ་པའི་ཚོར་སྣང་བྱུང་ལ། སོ་སོའི་ཕ་མ་རྒྱང་རིང་བོད་དུ་ལྷག་ནས་ཞབས་ཕྱི་ཞུ་མ་ཐུབ་པར་བློ་ཕམ་ཡང་སྐྱེ་ཡི་འདུག ཡིན་ཡང་ད་ལྟ་ང་ལ་ཐབས་ཤེས་མི་འདུག

ངས་ཇོ་ལགས་བཀྲས་ཆུང་ལ་དངོས་སུ་ཐུག་ཏེ་སྐད་ཆ་བཤད་པ་ཐེངས་དང་པོ་ཡིན། སྐབས་དེར་ཁོང་གིས་ང་ལ་བོད་པའི་ཆེད་དུ་ང་ཚོས་གང་ཐུབ་ཅིག་བྱེད་དགོས་པ་རེད། གླུ་གཞས་བརྒྱུད་ནས་གང་ཐུབ་བྱེད་ཀྱི་ཡོད་ཅེས་བོད་མི་རིགས་ཀྱི་བདེ་སྡུག་དང་འབྲེལ་བའི་སྐད་ཆ་ཁག་ཅིག་བཤད་པ་དང། ཁོང་གི་བུ་མོས་བཏང་བའི་གཞས་ཡིན་ཞེས་འོད་སྡེར་ཞིག་སྤྲད་སོང་།

འོད་སྡེར་དེའི་ནང་ཁོང་དང་ཁོང་གི་བུ་མོ། དེ་མིན་གྱི་བྱིས་པ་ཁག་ཅིག་གིས་བཏང་བའི་གླུ་གཞས་འདུག བོད་མི་རིགས་ཀྱི་གསོན་ཉམས་ལྡན་པའི་རོལ་ཆ་དང་སྦྲགས་ཏེ། གཞས་ཚིག་ནི་བོད་སྐད་ཀྱི་གྲངས་ཀ་བརྩི་སྟངས་དང། གཟའ་ཁོར། ནམ་དུས་བཅས་གདངས་ལ་གྱེར་ཏེ་ཕྲུ་གུ་ཚོར་བསླབས་འདུག་ལ། དེ་བཞིན་གཙུག་ལག་ཁང། རླུང་རྟ། བོད་ཀྱི་ཡུལ་ལྗོངས་ངོ་སྤྲོད་སོགས་ནུབ་ཕྱོགས་སུ་འཚར་ལོངས་བྱུང་བའི་ཕྲུ་གུ་ཚོར་བོད་སྐད་གླུ་གཞས་ཀྱི་ལམ་ནས་སྦྱོང་ཐུབ་པ་མ་ཟད། ཚིག་གོ་སླ་ལ་བོད་ཀྱི་སྐད་ཡིག་གི་འགྲོས་དང་མཐུན་པ། བོད་ཀྱི་ཐུན་མོང་མ་ཡིན་པའི་གཤིས་ཀ་སོགས་མིག་ལམ་དུ་འཆར་ཐུབ་པའི་སྒྱུ་སྩལ་གྱི་ཉམས་ལྡན་པ་མ་ཟད། ཉམས་རྒུད་དུ་འགྲོ་བཞིན་པའི་བོད་མི་རིགས་དང་སྐད་ཡིག་གོང་འཕེལ་དུ་གཏོང་དགོས་པ་ཚིག་ཟུར་གྱིས་གོ་ཐུབ་པའི་ཉམས་ཕུན་སུམ་ཚོགས་པ་འདུག

བུ་མོ་ཆུང་ཆུང་དེས་བཏང་བའི་གཞས་ཚིག་གཅིག་གི་ནང་དོན་འདི་ལྟར། “ཨ་མ་ལགས་ང་ལ་བརྩེ་བ་ཡོད་ན། ང་ལ་བོད་སྐད་བསླབ་རོགས། པ་ལགས། ང་ལ་བརྩེ་བ་ཡོད་ན། ང་ལ་བོད་ཡིག་བསླབ་རོགས། རྨོ་རྨོ་ལགས། ང་ལ་བརྩེ་བ་ཡོད་ན། ང་ལ་བོད་གཞས་བསླབ་རོགས། སྤོ་ལགས། ང་ལ་བརྩེ་བ་ཡོད་ན། ང་ལ་བོད་སྒྲུང་བཤད་རོགས། ནང་མིར་ང་ལ་བརྩེ་བ་ཡོད་ན། ང་ཐེངས་གཅིག་བོད་ལ་ཁྲིད་རོགས་”ཞེས་བཏང་འདུག གཞས་ཚིག་དེས་མི་རིགས་གཞན་གྱི་ནང་དུ་འཐོར་བའི་བོད་མི་རྒན་གཞོན་ཚོའི་སེམས་ཀྱི་ཕུགས་བསམ་དང་སྡུག་བསྔལ་མཚོན་འདུག

འོད་སྡེར་དེའི་རྒྱབ་ཤོག་ཏུ་“འཛམ་གླིང་གི་བྱིས་པ་ཚོས་གླུ་གཞས་ཀྱི་ལམ་ནས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང། གཞན་ལ་ཕན་པ་སྒྲུབ་པའི་འབད་བརྩོན་གང་ཐུབ་གནང་རོགས་”ཞེས་ཇོ་ལགས་བཀྲས་ཆུང་གིས་བྲིས་འདུག དངོས་གནས་དེ་ནི་ཁ་འཐོར་དུ་གྱུར་བའི་བོད་པའི་ན་གཞོན་ཚོས་གླུ་གཞས་འོད་སྡེར་བརྒྱུད་བོད་སྐད་ཅུང་སྦྱང་ཐུབ་པའི་གོམ་པ་དང་པོ་ཞིག་རེད།།