ཉིས་སྟོང་བཅུ་ཅིག་ལོ་གསར།
རྣམ་དཔྱོད་ཤེལ་གྱི་རྒྱང་ཤེལ་རྨོངས་དད་དགྲ་རྫོངས་གཏོར་བྱེད་པ། །
ཉིས་སྟོང་བཅུ་གཅིག་ཉི་མས་བདག་ཡིད་གཉིད་ལས་དཀྲོག་ནས་བྱུང་། །
མ་མཇལ་ལྷ་ཡི་ཞིང་ཁམས་འགྲོ་འདོད་ཐར་ལམ་མ་བརྩོན་པ། །
མ་རིག་དམྱལ་བའི་གནས་དེར་འཇིགས་སྐྲག་སྡུག་གིས་མི་མནར་བ། །
མ་དཔྱད་ལུང་གིས་ཟིན་པའི་ལྷ་སྒྲུང་སྙན་མོར་མ་ཆགས་པར། །
མ་ཡུལ་འཇིག་རྟེན་ཁྱིམ་འདིར་ཉིད་ཀྱིས་ཞིང་ཁམས་མཚར་དུ་སྐྲུན། །
དམ་པའི་ཆོས་ཀྱི་བྱམས་སེམས་མི་གཤིས་གྱོང་པོར་བརླན་བྱེད་ནས། །
ཚུལ་གསུམ་རིག་པའི་བརྟག་གིས་མདུན་གྱི་འགག་སྒོ་རབ་ཕྱེ་སྟེ། །
མངོན་སུམ་སྣང་བའི་ཞིང་དུ་རང་ཉིད་གོམ་ཁ་རྒྱུ་བ་ན། །
ཕམ་མེད་རྒྱལ་བའི་མགོན་པོ་རང་ལས་གཞན་ཞིག་འཚོལ་དོན་མེད། །