སོག་སྒར་སློབ་གྲྭའི་ཕ་སྐད་གཙང་མའི་མཚན་ཚོགས་ཀྱི་འཁྲབ་སྟོན།
སྐབས་དེར་ལག་འཛིན་ལ་ཧིན་སྒོར་༡༠༠ སྤྲད་ནས་ང་ཡང་ཟློས་གར་དུ་ལྟད་མོར་སོང་པ་ཡིན། ཟློས་གར་ཚོགས་ཁང་ནང་ལྟད་མོ་བས་ཁེངས་ནས་མང་པོ་ཞིག་གིས་རྐུབ་སྟེགས་མ་རག་ནས་ལངས་འདུག འཁྲབ་སྟོན་གྱི་གཞས་དང་ཞབས་བྲོ། གཏམ་རྒྱུད། དགོད་བྲོའི་འཁྲབ་སྟོན་སོགས་ཡོངས་རྫོགས་བོད་ནང་གི་དེང་དུས་ཀྱི་ལུགས་སྲོལ་ལྟར་འཁྲབ་སོང་ལ། སྐད་ཀྱང་འབྲོག་སྐད་རང་གི་ཐོག་ནས་འཁྲབ་སྟོན་བྱས་སོང། དགོད་བྲོའི་གཏམ་གླེང་དང་གཏམ་རྒྱུད་ཀྱི་སྐབས་མི་མང་པོ་དུས་ཅིག་ལ་གད་མོ་ཤོར་སྟངས་ལ་བལྟས་ན། ཕལ་ཆེར་གཟིགས་མོ་བརྒྱ་ཆ་༩༠ ཉེ་དུས་བོད་ནས་ཕེབས་མཁན་ཡིན་པ་ཤེས་ཀྱི་འདུག་ལ། དགོད་བྲོའི་གཏམ་གླེང་པ་སྡིང་ཆའི་སྟེང་ཐོན་པ་ཙམ་གྱིས། མི་མང་པོ་གད་མོ་ཤོར་སྟངས་དང་སྐད་འབོད་རྒྱག་སྟངས་ལ་བལྟས་ན། དེ་བས་ཀྱང་ལྟད་མོ་བ་མང་པོ་ཞིག་སོག་སྒར་སློབ་གྲྭ་རང་ནས་ཐོན་མཁན་ཤིན་ཏུ་མང་པོ་ཡོད་ཚོད་འདུག
བོད་སྐད་གཙང་མ་མེད་པའི་ཟུར་ཟའི་གཏམ་བརྒྱུད་དེ། ཧིན་སྐད་དང་དབྱིན་སྐད་བོད་སྐད་འདྲེས་མ་བརྒྱབ་སོང། དེ་རིང་གི་ཚོགས་ཁང་འདིའི་ནང་གི་ལྟད་མོ་ཚོར་བོད་སྐད་དང་མཉམ་དུ་ཧིན་སྐད་དང་དབྱིན་སྐད་ཆེད་དུ་བསྲེ་དགོས་ཟེར་ནའང་ཁག་པོ་རེད། གཏམ་རྒྱུད་དེར་ལྟ་དགོས་མཁན་གྱི་མི་རྣམས་ཧ་ལམ་སླེབས་མེད་པའི་བཟོ་འདྲ་ཞིག་འདུག སྐབས་དེར་སྐད་ཡིག་ཚགས་པའང་གོ་སྐབས་དེ་དང་བསྟུན་ནས་བཙོང་སོང་། ཀློག་མཁན་ཡང་དཀྱིལ་འཁོར་འདི་དང་འབྲེལ་ཡོད་ཀྱི་མི་ཤ་སྟག་རེད། སྐད་ཡིག་གཙང་མའི་སྐོར་ལས་འགུལ་སྤེལ་མཁན་དང་སྤེལ་ས་གཉིས་ཀ་ཁོར་ཡུག་གཅིག་རང་ནས་ཡིན་པའི་བཟོ་ལྟ་ཞིག་འདུག གཏམ་རྒྱུད་འདིའི་རིགས་སོགས་འཁྲབ་སྟོན་བྱེད་སྐབས། གནད་ལ་འཁེལ་བ་དང་གོ་བརྡ་འཕྲོད་ཐབས་སོགས་གཙོར་འདོན་བྱེད་དགོས་པ་དེ་གལ་ཆེན་དུ་མཐོང།