བཀྲས་མཐོང་བཀའ་ཁྲིར་མི་ཡོང་།


རུས་མི་གཅིག་བཟའ་ཚང་བྱེད་དང་གཅིག །
ཁྲག་མི་གཅིག་མི་རྒྱུད་འཐོར་དང་གཉིས། །
ཕྱི་རྒྱལ་ཁབ་ལག་འཁྱེར་ལེན་དང་གསུམ། །
ཁོང་བཀའ་ཁྲི་མི་གཙང་དོན་གསུམ་རེད། །
རྗེ་༧་རྒྱལ་བའི་དམིགས་གཏད་མིན་དང་གཅིག །
འདིར་གཞོན་སྐྱེས་བློ་གཏད་མེད་དང་གཉིས། །
འབངས་མིང་སྲིང་འདོད་པ་མེད་དང་གསུམ། །
ཁོང་བཀའ་ཁྲི་མི་ཡོང་དོན་གསུམ་རེད། །
སྡུག་ཉམས་དུས་རྒྱལ་ཁབ་གཏོང་དང་གཅིག །
སྐྱིད་བྱུང་དུས་གར་ཁྲབ་བྱེད་དང་གཉིས། །
མགོ་ག་ཐོན་རྔ་མ་གཡུག་དང་གསུམ། །
ཁོང་བཀའ་ཁྲི་མི་བརྟན་རྟགས་གསུམ་རེད། །
ཁ་མི་རིགས་བདེ་དོན་གླེང་དང་གཅིག །
ཁོག་གསལ་སྟོན་རྣམ་པ་མེད་དང་གཉིས། །
ཁ་ཁོག་པ་མི་མཐུན་རྣམ་འགྱུར་གསུམ། །
ཁོང་བཀའ་ཁྲི་མི་འོས་གནད་གསུམ་རེད། །
གཞུང་དངུལ་སྒོར་མེད་དུས་བོས་དང་གཅིག །
གཞུང་དངུལ་སྒོར་ཡོད་དུས་ཕེབས་དང་གཉིས། །
དངུལ་གང་མང་འཚོ་བ་སྐྱེལ་དང་གསུམ། །
ཁོང་བཀའ་ཁྲིར་དམིགས་ཡུལ་དོན་གསུམ་རེད། །