ཟླ་བ་ཚེ་རིང་སྤྱི་འཐུས་འོས་མི་རུ་བཞེངས་ཆོག་གམ།

དྷ་སའི་ཡོངས་གླིང་སློབ་གྲྭ་ནི་ཐོག་མར་༧ སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་གིས་མ་ཐེབས་བཞག་ནས་གསར་འཛུགས་གནང་ཡོད་པ་དང་། རིམ་པ་བཞིན་དྷ་སའི་ཕ་མའི་ཚོགས་ཆུང་གིས་རྩིས་ལེན་དང་འཛིན་སྐྱོང་བྱས་ཡོད། སྐབས་དེར་ཟླ་བ་ཚེ་རིང་ཡང་ཕ་མའི་ཚོགས་ཆུང་གི་ཚོགས་མི་གྲས་ཡིན་འདུག་ཅིང་། རིམ་པ་བཞིན་ཁོས་སློབ་གྲྭ་ལ་ལག་པ་འཆང་རྒྱུར་ཇེ་མང་དུ་སོང་སྟེ། མཐར་ཁོ་སློབ་གྲྭའི་འགན་འཛིན་དུ་གྱུར་ཡོད།

སྐབས་དེ་དག་ཏུ་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་སོགས་མཛད་སྒོ་ཆེ་ཁག་སར་སློབ་གྲྭ་དེ་ཁོས་གསར་འཛུགས་བྱས་པ་ཡིན་ཚུལ་སོགས་གླེང་པར་མ་ཟད། མཐར་ཟླ་བ་ཚེ་རིང་དྷ་སའི་བདེ་དོན་སྐབས་དབང་ཆ་བེད་སྤྱོད་བྱས་ནས་སློབ་གྲྭ་ཡོངས་རྫོགས་ཁྱུག་མིད་བཏང་འདུག བདེ་དོན་བརྗེ་ལེན་སྐབས་སློབ་གྲྭ་བདེ་དོན་གསར་པ་ལ་རྩིས་སྤྲོད་མ་བྱས་པ་སོགས་ཀྱི་རྙོག་དྲ་ཆེན་པོ་བྱུང་བ་བརྟེན་ ༢༠༠༡ ལོར་ཕག་རི་ཤོ་ཟུར་པ་སངས་ཚེ་དབང་གིས་བོད་གཞུང་ཁྲིམས་ཞིབ་ཁང་ལ་ཟླ་བ་ཚེ་རིང་གིས་ཡོངས་གླེང་སློབ་གྲྭའི་སྤྱི་རྒྱུ་སྒེར་བདག་བྱས་ཡོད་པའི་སྐོར་ཞུ་གཏུག་བྱས་པ་བཞིན་ཁྲིམས་ཞིབ་ཁང་གིས་གྱོད་གཞི་དེར་ལོ་ངོ་བཞི་ཡི་རིང་ཞིབ་འཇུག་གནང་ཏེ་ ༢༠༠༤ ལོར་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས་པའི་ར་སྤྲོད་བྱུང་ཏེ་སྤྱི་རྒྱུ་སྒེར་བདག་བྱས་ཡོད་པའི་བཅད་ཁྲ་བཏང་ཡོད་པ་རེད།

འོན་ཀྱང་ཟླ་བ་ཚེ་རིང་གིས་ཁྲིམས་ལ་དྭང་ལེན་དང་ཉེས་པ་ལ་འགྱོད་བཤགས་བྱ་རྒྱུ་ཕར་ཞོག་བོད་གཞུང་ཁྲིམས་ཞིབ་ཁང་ས་གནས་རྒྱ་གར་གཞུང་གི་ཁྲིམས་ཁང་ནང་བསྐྱལ་ཡོད་པ་དང་། ལོ་དེ་ནས་བཟུང་བོད་གཞུང་གིས་ཟླ་བ་ཚེ་རིང་གི་ཁ་མཆུ་ཡི་འགྲོ་གྲོན་དོན་དུ་སྔོན་རྩིས་བཀའ་འཁྲོལ་ཧིན་སྒོར་འབུམ་ ༢༦ ལྷག་ཞུས་ནས་འགྲོ་སོང་བཏང་གི་ཡོད་པ་རེད། ཡོང་སྒོ་ཆུང་ཞིང་འགྲོ་གྲོན་ཆེ་བའི་བོད་གཞུང་གི་དངུལ་བབ་དེ་དག་རྩ་དོན་ཐོག་གཏོང་ན་ག་ཚོད་ཕན་ནུས་ཐོན་གྱི་རེད་དམ།

ཀུན་གྱིས་མཁྱེན་གསལ་ལྟར་བོད་མི་མང་སྤྱི་འཐུས་ནི་ཁྲིམས་བཟོ་ལྷན་ཚོགས་པ་ཞིག་ཡིན་པས་ཁྲིམས་ཀྱི་བཟོ་གྲྭ་རེད། བཅའ་ཁྲིམས་ལ་བརྩི་བཀུར་མེད་པའི་མི་ཞིག་ཁྲིམས་བཟོ་བར་འོས་སམ། ད་དུང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༣ བོད་ཀྱི་ཡུལ་མིའི་ལག་འགན། ནང་གསེས་༢ པ། བཅའ་ཁྲིམས་དང་། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང་། ཉམས་ལེན། ཞེས་འཁོད་པ་དང་འགལ་ཡོད་པར་མ་ཟད། ཁོས་བོད་ཀྱི་བཅའ་ཁྲིམས་རྩིས་མེད་རྡོག་རོལ་བཏང་པར་བརྟེན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བའི་སྤྱི་འཐུས་ཀྱི་འོས་ཆོས་དང་ཡོངས་སུ་འགལ་བ་སྟེ། བཅའ་ཁྲིམས་དོན་ཚན་ ༣༨ པ། སྤྱི་འཐུས་ཀྱི་འོས་ཆོས། ནང་གསེས་ ༨ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ། སྒྲིག་གཞིའི་རིགས་དང་མི་འགལ་བ་བཅས། ། ཞེས་པ་དང་ཡང་འགལ་ཡོད། ད་དུང་སྤྱི་འཐུས་ཀྱི་འོས་ཆོས་ནང་ཁྲིམས་ཁང་ནས་ནག་ཉེས་ཕོག་པ་མ་ཡིན་པར་ཞེས་པ་ཡང་ཡོངས་སུ་འགལ་ཡོད།

ཟླ་བ་ཚེ་རིང་གིས་གོང་གསལ་བཅའ་ཁྲིམས་དང་ལས་རྒྱུ་འབྲས་ཡོངས་སུ་འགལ་བའི་ལས་ངན་བརྩམས་ཡོད་ན་ཡང་། ད་དུང་ངོ་ཚ་དང་རང་གི་བྱས་ཉེས་ལ་ངོས་ལེན་མེད་པར་ཧམ་པ་ཆེན་པོས་གྲོས་ཚོགས་ནང་དཔུང་པ་གཡས་བརྫེས་་གཡོན་བརྫེས་ཀྱིས་༧ གོང་ས་མཆོག་གི་བཀའ་ཞེས་བཤད་པ་དེ་ཁོ་ནས་༧ གོང་ས་མཆོག་ལ་དོན་དམ་པའི་བཀའ་གསུང་དྭང་ལེན་ཡོད་མེད་ཀྱང་ཤེས་སླ།

ང་ཡ་མཚན་པ་ཞིག་ལ་བོད་གཞུང་གིས་ཟླ་བ་ཚེ་རིང་གི་ནག་ཉེས་དང་བཅའ་ཁྲིམས་ལ་བརྩི་བཀུར་མེད་པ། བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་ས་གནས་ཡུལ་མིའི་ཁྲིམས་ཁང་དུ་བསྐྱལ་བ་དང་། ལྷག་པར་དུ་དེ་ལྟ་བུའི་ནག་ཉེས་གསོག་པའི་ཉེས་ཅན་པ་རྣམས་བོད་ཀྱི་གྲོས་ཚོགས་འཐུས་མི་རུ་བསྐོས་མི་ཆོག་པར་ཤེས་བཞིན་དུ་ཟླ་བ་ཚེ་རིང་གི་གདོང་ལ་འཛུབ་མོ་བཙུགས་མི་ཕོད་པ་དེ་དཔུང་ཤུགས་དང་རྒྱུ་ཤུགས་གང་ལ་སྐྲག་པ་ཡིན་ནམ།

ད་དུང་བོད་ཀྱི་རྩ་ཁྲིམས་ཁས་མི་ལེན་པ་ནི་བོད་གཞུང་ཁས་མི་ལེན་པ་རེད། འོན་ཀྱང་བོད་གཞུང་གི་ཤེས་རིག་བཀའ་བློན་དང་ཤེས་རིག་དྲུང་ཆེ་སོགས་གཞུང་འབྲེལ་ཐོག་ནས་སྤྱི་རྒྱུ་སྒེར་བདག་བྱས་པའི་སློབ་གྲའི་མཛད་སྒོར་སྐུ་མགྲོན་དུ་སོང་བ་དེ་ཁྲིམས་དང་སྒྲིག་གཞི་མཐུན་ནམ།

ཕྱོགས་གཅིག་ནས་བལྟས་དུས་བོད་གཞུང་གི་བཅའ་ཁྲིམས་ཟེར་བའི་གཉའ་ཤིང་དེ་བོད་མི་ཉམ་ཆུང་ཚོའི་མགོ་བོ་གནོན་བྱེད་ཁོ་ན་རེད་འདུག ཧམ་པ་དང་རྒྱབ་རྩ་རྒྱུ་ཤུགས་ཡོད་མཁན་ཚོའི་ཐོག་ལ་ནི་འཇམ་པོ་རི་བོང་གི་སྤུ་རང་རེད།

དེས་ན་བོད་གཞུང་གི་བཅའ་ཁྲིམས་ཟེར་བ་དེ་ཁ་བཤད་ལག་ལེན་མཐུན་པར་བཙན་བྱོལ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་གཅུན་བྱེད་ཡིན་ན་ཟླ་བ་ཚེ་རིང་ལ་བརྡ་ལན་གཅིག་སྤྲོད་རན་འདུག  དེ་ལྟར་མིན་ན་གོང་དུ་བཤད་པ་བཞིན་ཁྲིམས་ཟེར་བ་དེ་ཉམ་ཆུང་མགོ་བོ་གཅུན་ས་ཁོ་ནར་སྤྱད་ན་ནམ་ཞིག་བཅའ་ཁྲིམས་ཟེར་བ་དེ་ཤོག་བུའི་ཐོག་གི་སྟག་རང་ཆགས་སྲིད་ལ། སྐབས་དེར་ད་ལྟ་བོད་གཞུང་ཞེས་གཞིས་བྱེས་བོད་མི་ཡོངས་ཀྱིས་སྤྱན་དང་མིག་གིས་གཟིགས་ཕྱོགས་མཉམ་པར་ཁས་བླངས་པའི་གཞུང་དེ་ཡང་རིན་ཐང་ཇི་ཙམ་འཇོག་མིན་ཡང་བཤད་དཀའ་འོ།།