དམག་ཆེན་གསུམ་པ་མ་ལངས་ན་རྒྱ་ནག་འཐོར་ཞིག་འགྲོ་ས་མ་རེད།
ཕྱི་ལོ་༡༩༩༡ ནང་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཨུ་རུ་སུ་དམར་གཞུང་ངམ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་དེ་འཐོར་ཞིག་སོང་ནས། རྒྱལ་ཁབ་མང་པོར་རང་བཙན་དང་རང་སྲིད་རང་སྐྱོང་སོགས་ཀྱི་བདག་དབང་དེ་ཐོབ་པ་རེད། སྔོན་དུས་ཡོངས་སུ་གྲགས་པའི་རྒྱལ་པོའི་རིང་ལུགས་དང། དེ་ནས་རྒྱ་བསྐྱེད་རིང་ལུགས། བཀས་བཀོད་རྒྱུད་འཛིན་རིང་ལུགས། ཞིང་བྲན་ལམ་ལུགས། དབང་ཆ་གཅིག་བསྡུས་ལམ་ལུགས། སྲིད་གཞུང་མེད་པའི་ལམ་ལུགས། དམག་གཞུང་རིང་ལུགས་ཟེར་བ་སོགས་ད་ལྟའི་སྐབས་མིང་གི་ལྷག་མ་ཙམ་དུ་གྱུར་ཡོད་པ་རེད། ཡིན་ནའང་བསམ་ཡུལ་ལས་འདས་པ་ཞིག་ལ་ཤར་ཨེ་ཤ་ཡའི་ནང་གི་དམར་ཕྱོགས་རྒྱལ་ཁབ་གཅིག་སྟེ། རྒྱ་གུང་ཁྲན་འདི་ནི་སྔོན་དུས་ཀྱི་དམར་གཞུང་ཁག་དང་མི་འདྲ་བ་དཔལ་འབྱོར་དང་དམག་དོན། དྲིལ་བསྒྲགས། དབང་ཆ་སོགས་ཤིན་ཏུ་ནས་སྟོབས་ཆེན་ཆགས་ཡོད་པས། འདི་ཉིད་འགོ་རྟིང་སློག་པར་ནུས་སྟོབས་ཇི་འདྲ་ཞིག་དགོས་མིན་ལ་བསམ་བློའི་དྲན་འཆར་ཙམ་ཡང་ཡོང་མི་ཐུབ་པའི་ཚོད་དུ་སླེབས་ཡོད་པ་རེད། དམིགས་སུ་བཀར་ནས་རྒྱ་ནག་ལ་མཉམ་འབྲེལ་རྒྱལ་ཚོགས་སུ་གཏན་འཇགས་རྐུབ་སྟེགས་ཡོད་པ་དང། དེའི་ཐོག་ད་ལྟའི་སྐབས་ཚོང་ལས་ཁྲོམ་རའི་དུས་སྐབས་ཡིན་པ་དང་། ས་ཡི་གོ་ལའི་རྒྱལ་ཁབ་མང་ཆེ་བ་ཚོང་དོན་གྱིས་དབང་སྒྱུར་བྱས་ཡོད་པས། རྒྱ་ནག་གི་ཚོང་དོན་ལས་གཞིའི་ནང་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བ་ཚུད་ནས། རྒྱ་ནག་གི་ལངས་ཕྱོགས་ལ་རྒྱལ་ཁབ་མང་པོས་མི་འདོད་བཞིན་དུ་བརྩི་བཀུར་མི་བྱེད་ཀ་མེད་རེད། ད་རྒྱ་ནག་འདི་འཐོར་ཞིག་ཏུ་འགྲོ་བ་མང་གཙོའི་ལམ་ལུགས་གོང་འཕེལ་འགྲོ་རྒྱུར་སྒུག་བསྡད་ན། ཕལ་ཆེར་ད་དུང་ལོ་བརྒྱ་ཕྲག་འགའ་ཤས་འགོར་སྲིད་པ་དང་། ད་དུང་སྟབས་མ་ལེགས་ན་རྒྱ་ནག་གི་ཤུགས་རྐྱེན་གྱིས། འཛམ་གླིང་ནང་དམར་ཕྱོགས་རྒྱལ་ཁབ་མང་དུ་འགྲོ་བའི་ཉེན་ཁའང་ཡོད། དེས་ན་རྒྱ་ནག་འདི་འགོ་རྟིང་སློགས་པར་འཛམ་གླིང་དམག་ཆེན་གསུམ་པ་ཁོ་ན་དགོས་ཀྱི་འདུག དྲན་འཆར་ཙམ་ཞུས་ན། ཨ་རིས་ཨི་རག་ཨབ་གྷན་སོགས་ཁ་ཆེའི་རྒྱལ་ཁབ་ཁག་ལ་དམག་རྒྱག་བཞིན་པ་འདིས། འཛམ་གླིང་དམག་ཆེན་གསུམ་པ་ལངས་བའི་རྐྱེན་དུ་འགྲོ་ཐབས་མེད་པ་ཞིག་ཡིན། གང་ཡིན་ཟེར་ན་སྤྱིར་ཁ་ཆེའི་ཁག་སྐྱོ་པོ་ཡིན་པ་དང། དེའི་ཐོག་ཁྱིམ་མཚེས་རྒྱལ་ཁབ་སྟོབས་ཆེན་མེད་པ། རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ནུས་ཤུགས་དང་ལྡན་པ་ཞིག་མེད་པས་ཡིན། གལ་སྲིད་བྱང་ཀོ་རི་ཡ་དང་ཡང་ན་ཐེ་ཝན་གླིང་ཕྲིན་གྱི་དོན་དུ་ཨ་རྒྱ་གཉིས་དབར་དམག་འཁྲུག་ལངས་ན། སྤྱིར་རྒྱལ་ཁབ་གཉིས་སྟོབས་ཆེན་ཡིན་པ་དང་དེའི་ཐོག་ཨ་རིའི་རྒྱབ་རྩ་ལ་དང་པོ་ཉི་ཧོང་ལངས་ཀྱི་རེད། དེ་ནས་རྒྱ་གར་ལངས་ཀྱི་རེད། དེ་ནས་ལྷོ་ཀོ་རི་སོགས་རིམ་གྱིས་ལངས་ནས། མཐར་ཧྤ་རན་སི་སོགས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལངས་ཀྱི་རེད། རྒྱ་ནག་གི་རྒྱབ་རྩར་དང་པོ་བྱང་ཀོ་རི་ཡ་ལངས་ཀྱི་རེད། དེ་ནས་འབར་མའི་དམག་གཞུང་། དེ་ནས་དཀྱིལ་ཤར་གྱི་ཁ་ཆེའི་རྒྱལ་ཁབ་འགའ་ལངས་ཀྱི་རེད། རིམ་གྱིས་ནུབ་ཕྱོགས་སོགས་སུ་ཡོད་པའི་དམར་གཞུང་གི་རྒྱལ་ཁབ་རྣམས་ལངས་ཀྱི་རེད། སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱིས་དམག་འཐབ་ཀྱི་རྨང་གཞི་བཞག་ནས་སྐབས་འཚོལ་རིང་ལུགས་ཀྱི་རྒྱལ་ཁབ་ཁག་ལངས་པ་དང་དམག་ཆེན་གསུམ་པ་འགོ་འཛུགས་ཀྱི་རེད། ད་ནས་རྩིས་པའི་ལོ་འགའི་རྗེས་སུ་དམག་ཆེན་གསུམ་པ་ལངས་ན། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོ་ཕལ་ཆེར་རྒྱལ་ཁ་ཐོབ་ཀྱི་རེད། གང་ཡིན་ཟེར་ན་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་ཉམས་མྱོང་ལ་བལྟས་ན། ཨ་རི་སོགས་མཐུན་ཕྱོགས་རྒྱལ་ཁབ་ལ་རྒྱལ་ཁ་ཤ་སྟག་ཐོབ་ཡོད་པ་རེད། དེ་ཡང་གཙོ་བོ་དམག་དོན་བཟང་བ་དང་འཕྲུལ་རིགས་ལེགས་པ། འཆར་འགོད་ཚུལ་མཐུན། དམག་དཔུང་གི་གོ་རྟོགས་བཟང་བའི་དྲིན་གྱིས་ཡིན། སྐབས་དེར་རྒྱ་ནག་ཨུ་རུ་སུ་དམར་གཞུང་ལྟར་ཁ་འཐོར་དགུ་འཐོར་ལ་འགྲོ་ཡི་རེད། ལ་ལས་ཟེར་ན་འཛམ་གླིང་དམག་ཆེན་གསུམ་པ་ལངས་ན། ས་ཡི་གོ་ལ་འདི་འགོ་རྟིང་སློག་གི་རེད་ཟེར་བ་དང་། ཡང་འགའ་རེས་འཛམ་གླིང་རྒྱ་མཚོ་ལ་བསྒྱུར་གྱི་རེད་ཟེར་བ་སོགས། ཧ་ལམ་འཛམ་གླིང་དམག་ཆེན་གསུམ་པ་དེ་ལྷ་དམག་འཁྲུག་པ་ལྟ་བུའི་བསམ་ཚུལ་ཤོད་མཁན་ཡོད། དེ་འདྲ་ཞིག་ཧ་ལམ་ཡོང་གི་མ་རེད། དཔེར་མཚོན་བཟང་ཤོས་ནི། ཨ་རི་དང་དབྱིན་ཇི་གཉིས་གཙོ་བོར་གྱུར་པའི་རྒྱལ་ཁབ་འགའ་ཤས་ཟླ་སྒྲིལ་ནས། ཨི་རག་དང་ཨབ་གྷན་རྒྱལ་ཁབ་ཏུ་དམག་འཁྲུག་རྒྱག་བཞིན་པ་རེད། དམག་འཐབ་འདི་ལ་ལྟོས་དང་ག་ཚོད་དཀའ་ངལ་འདུག གལ་སྲིད་ས་ཡི་གོ་ལ་འགོ་རྟིང་སློག་པའི་ནུས་ཤུགས་ཡོད་ན། རྒྱལ་ཁབ་དེ་དག་ལ་ཟུར་ཆ་གཅིག་བེད་སྤྱོད་དགོས་པའི་དུས་ལ་སླེབས་ཡོད། ནུས་ཤུགས་དེ་འདྲ་བ་ཞིག་ཡོད་ན་ཨ་རི་དང་དབྱིན་ཇི་རྒྱལ་ཁབ་ལ་ཡོད་དགོས་ངེས་ཡིན། དེ་ནི་མགོ་རུམ་ནང་འཛུལ་ནས་ནམ་མཁའ་སེར་པོ་རེད་ཟེར་བ་དང་གཅིག་མཚུངས་རེད། གལ་སྲིད་རྒྱ་ནག་འཐོར་ཞིག་ཏུ་སོང་ན་བོད་པ་སོགས་གྲང་ཉུང་མི་རིགས་ཚོས། རང་རང་གི་བདག་དབང་རང་བཙན་རྩོད་ཀྱི་ཡིན་ནའང་རེད། རང་སྲིད་རང་སྐྱོང་རྩོད་ཀྱི་ཡིན་ནའང་རེད་གང་ལྟར་དུས་བབ་ལ་བརྟེན་ནས་འཐབ་རྩོད་བྱེད་ཀྱི་རེད། སྐབས་དེར་བོད་པས་ག་རེ་རྩོད་གྲབས་ཡོད་ན་ངས་ཞུ་ཚོད་ཐིག་གི་མི་འདུག???????? ཟིན་བྲིས་འདི་ནི་དྲན་འཆར་ཙམ་དུ་བྲིས་པ་ཡིན།