སྤྱི་ཚོགས་ཞབས་ཞུ་དང་ཞལ་འདེབས་བསྡུ་རུབ།

དཔེར་ན་༸གོང་ས་མཆོག་མོན་གྷོ་འདོད་དགུ་གླིང་དུ་ཕེབས་ཉིན་ནས་ས་གནས་གཞོན་ལྷན་དང་ས་གནས་བུད་མེད་ལྷན་ཚོགས། དགའ་ལྡན་དང་འབྲས་སྤྲུངས། གཞིས་གྲོང་གསུམ་པ་བཅས་སོ་སོར་རྒྱང་བསྒྲགས་བཙུགས་ནས་ཕྱོགས་ཡོངས་ཀྱི་མི་མང་ལ་འབྲེལ་གཏུག་རོགས་རམ་དང་། ཅ་དངོས་བོར་བརླགས་བྱུང་བ་སོགས་གསལ་སྒྲགས་ཀྱིས་ཞབས་ཕྱི་ཞུ་བཞིན་འདུག།
གཞན་ཡང་དྭངས་བླང་ཁོར་ཡུག་གཙང་བཟོ་ཚོགས་ཆུང་གིས་༧གོང་ས་མཆོག་ཕེབས་ལམ་གྱིས་གཙོའི་གཞུང་ལམ་ཁག་གི་ནང་ཆུ་གཏོར་བ་སོགས་ས་ཁོར་ཡུག་གཙང་བཟོས་ལས་འགུལ་སྤེལ་བཞིན་ཡོད་པ་དང་། མི་མང་གིས་ཁོང་ཚོའི་རོགས་རམ་ནི་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པ་ཞིག་རེད་ཅེས་བརྗོད་ཀྱི་འདུག  ད་དུང་ལྷོ་གཞིས་ཁག་ལྔའི་བརྟན་བཞུགས་ཚོགས་ཆུང་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་སྡེ་ཚན་འདྲ་མིན་གྱིས་མི་མང་ལས་ཞལ་འདེབས་བསྡུ་སློང་གི་ལས་གཞི་བསྒྲིགས་འདུག་པ་དང་། ན་གཞོན་ཁག་ཅིག་གིས་མཚན་མོར་གླུ་གཞས་འཁྲབ་སྟོན་དང་། གློག་བརྙན་བཤམ་སྟོན་སོགས་ཀྱང་བྱེད་བཞིན་འདུག

དེ་བཞིན་ལམ་ཁ་གཡས་གཡོན་གང་སར་ཅ་དངོས་ཙག་ཙིག་གི་ཐང་ཁྲོམ་གྱིས་ཁེངས་ཤིང་རྒྱུན་ལྡན་གྱི་ཚོང་ཁང་དང་ཟ་ཁང་། ཇ་ཁང་ཚང་མ་་དཔལ་འབྱོར་འདུ་འགོད་ལ་བྲེལ་ནས་འདུག རྒྱ་གར་སྤྲང་པོ་ཡང་ཁྱུ་དང་ཁྱུ་བྱས་ནས་མི་མང་གི་ཁྲོད་དུ་ཧ་ཅང་ཟང་ཟིང་བྱེད་བཞིན་འདུག དེང་སྐབས་མོན་གྷོ་འདོད་དགུ་གླིང་ནི། དད་ལྡན་པས་ཆོས་ཀྱི་དབང་ལུང་ཞུ་ས་དང་། ཚོགས་བསག་སྦྱིན་གཏོང་གི་བསོད་ནམས་གསོག་ས་ཙམ་དུ་མ་ཟད། སྤྱི་སྒེར་སྡེ་ཚན་ཁག་གི་ཞལ་འདེབས་སློང་ས། ཚོང་པས་ཚོང་དང་སྤྲང་པོས་སློང་མོ་བྱེད་སའི་བསྟི་གནས་ཤིག་ཀྱང་ཆགས་ཡོད་པ་རེད། མོན་གྷོ་གསར་འགོད་པས།

{jcomments on}