ངའི་རང་གཤིས།
ཆོས་ལ་ལོག་པར་འཛིན་པའི་ལྟ་བ་མེད། །
སྲིད་ལ་གོ་ས་རྩོད་པའི་དམིགས་ཡུལ་མེད། །
ནོར་ལ་ཕྱུགས་བདག་བྱེད་པའི་སྲེད་པ་མེད། །
མེད་གསུམ་འདི་དང་བསྟུན་ནས་མི་ཚེ་སྐྱེལ། །
མེས་པོའི་ཞབས་རྗེས་ལག་པས་བསུབ་པ་མེད། །
དམ་པའི་ཞལ་གདམས་དྲན་པས་བརྗེད་པ་མེད། །
ཕ་མར་ཁ་ལན་སློག་པའི་སྤྱོད་པ་མེད། །
མེད་གསུམ་འདི་དང་བསྟུན་ནས་མི་གཞི་སྐྱོང་། །
དགྲ་ལ་མགོ་བོ་སྒུར་བའི་གཤིས་ཀ་མེད། །
གཉེན་ལ་ཕྱོགས་རིས་རྩོད་པའི་རྒྱུ་དག་མེད། །
གྲོགས་ལ་གློ་བ་ལོག་པའི་སེམས་པ་མེད། །
མེད་གསུམ་འདི་དང་བསྟུན་ནས་རང་གཤིས་འཛིན། །
དབུལ་བོར་སྐྱོ་བ་སྟེར་བའི་བརྙེས་བཅོས་མེད། །
ཕྱུག་པོ་སྤྲོ་བ་སྐྱེད་པའི་ངོ་དགའ་མེད། །
འདྲ་མཉམ་འགྲན་ཟླ་སློང་བའི་ང་རྒྱལ་མེད། །
མེད་གསུམ་འདི་དང་བསྟུན་ནས་ཀུན་ལ་འགྲོགས། །
མི་ཡི་མི་ཚེ་བདེ་དང་སྡུག་གིས་འཛད། །
བདེ་དང་སྡུག་གི་རྩ་བ་རང་གིས་བྱེད། །
རང་གིས་རང་ལ་མགོན་དང་སྐྱབས་སུ་བརྟེན། །
འཇིག་རྟེན་མི་ཚེ་བདེ་སྐྱིད་ལམ་དུ་རྒྱུ། །
ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༠ ཉིན་བྲིས།།
