ལྔ་རིག་འོད་སྣང་འབྱེད་པའི་ཉི་མ་ཞིག་ནུབ་རི་ལ་ཡིབ་པ།
དེ་ཡང་སྐུའི་བགྲང་བྱ་ཤིན་ཏུ་ཕྲ་བའི་གནས་སྐབས་སུ་གྲུབ་ཆེན་རྡོ་རྗེ་འཆང་སྡེ་གཞུང་ཨ་འཇམ་རིན་པོ་ཆེ་མཆོག་དང་ མ་ཧ་པཎྜི་ཏ་མཁན་ཆེན་བློ་གྲོས་རྒྱལ་མཚན་གཉིས་ཀྱི་སྐུ་དྲུང་དུ་ཚེ་འདིར་མ་མཐའ་ཡང་ཐེག་ཆེན་སྦྱོར་ལམ་བཟོད་པ་འཐོབ་ པར་མཛད་རྒྱུའི་བློ་འདས་གཡར་དམ་ཆེན་པོ་ཕུལ། དེ་ནས་རང་ཡུལ་གསེར་ལྗོངས་དགོན་པའི་བཤད་གྲྭའི་མཁན་ཆེན་གྱི་ ཐུགས་འགན་བཞེས་ནས་སྐལ་ལྡན་བུ་སློབ་དུ་མ་བསྐྱངས། རྗེ་བླ་མའི་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ བཀའ་དགོངས་བཞིན་དབུས་ཕྱོགས་སུ་ཆིབས་ཞལ་བསྒྱུར་ནས་གཙང་ངོར་དཔལ་ཨེ་ཝཾ་ཆོས་ལྡན་གདན་སའི་བཤད་གྲྭའི་མཁན་པོ་མཛད་ནས་བསྟན་འགྲོའི་འགྲོ་དོན་རྒྱ་ཆེ་མཛད། ལྷ་ལྡན་ཆོས་ཀྱི་ཞིང་ས་དམ་པ་རུ་སླར་ཡང་འཇམ་མགོན་རྡོ་རྗེ་འཆང་ ཆོས་ཀྱི་བློ་གྲོས་ཉིད་ཀྱིས་དུས་འགྱུར་མི་ཟད་པ་འབྱུང་རུང་ཟག་མེད་མངོན་པར་ཤེས་པའི་ཐུགས་ཀྱིས་མ་ལུས་པ་མངོན་སུམ་དུ་མཁྱེན་བཞིན་དུ་དགོངས་གཞི་དང་དགོས་པ་རླབས་པོ་ཆེ་ལ་དགོངས་ཏེ་ཐུགས་ལྷག་པར་དགྱེས་པ་ཆེན་པོའི་སྒོ་ནས་སྙིགས་དུས་ཀྱི་ན་ལེནྡྲ་གཉིས་པ་མདོ་སྔགས་ཆོས་ཀྱི་འབྱུང་གནས་ཁམས་བྱེ་རྫོང་སར་བཤད་གྲྭའི་གདན་རབས་པ་མཁན་ཆེན་མཁྱེན་ རབ་སེང་གེའི་རྗེས་སུ་ཆོས་སྡེ་དེའི་ཁྲི་ལ་མངའ་གསོལ་ལེགས་པར་མཛད།བསྟན་དགྲ་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་བཙན་གཟུང་བྱས་པ་བརྟེན་དམ་པ་གང་ཉིད་ཀྱང་བོད་མི་སྤྱི་མཚུངས་ལྟར་རྒྱ་གར་དུ་ཕེབས་དགོས་བྱུང་། བཙན་བྱོལ་དུ་འབྱོར་ ནས་ཡུན་མི་རིང་བ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མདོ་སྔགས་རིག་གནས་དང་བཅས་པ་ལྷག་ཏུ་སྔགས་སྐོར་ཡོངས་རྫོགས་དཔལ་ས་སྐྱ་པའི་ཁྲི་ཐོག་ཞེ་གཅིག་པ་ཆེན་པོ་མཆོག་ལ་འཆད་འཁྲིད་གནང་ནས་སྐུའི་ཡོངས་འཛིན་གྱི་ཐུགས་འགན་བཞེས།དེ་ནས་རང་ལུགས་ཆོས་བརྒྱུད་ཀྱི་རང་རྐང་ཚུགས་པའི་སློབ་གླིང་གི་བསྟི་གནས་ཤིག་མེད་པར་གཟིགས་ནས་ས་སྐྱ་མཐོ་རིམ་སློབ་གྲྭ་གསར་འཛུགས་མཛད་ནས་བཤད་གྲྭའི་མཁན་པོ་དང་འགན་འཛིན་གཅིག་ལྕོགས་ལོ་མང་རིམ་གནང་ནས་སྔར་གྱི་བཤད་རྒྱུན་རྣམས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་མཛད་ནས་བསྟན་པ་འཛིན་ནུས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སློབ་མ་མང་དུ་བསྐྲུན་པ་མཛད།རིམ་བཞིན་རྒྱ་གར་དུ་གནམ་གཤིས་དང་སྐུ་ཁམས་སོགས་འཕྲོད་མིན་ལ་བརྟེན་བལ་ཡུལ་དུ་ཕེབས་ནས་ཡང་ལེ་ཤོད་དུ་ལོ་ལྔའི་རིམ་སྐུའི་བཅད་རྒྱལ་དམ་པོ་མཛད་ནས་བཞུགས།དགུ་ཅུ་གོ་གྲངས་ནས་དབུ་འཛུགས་མཛད་དེ་རྒྱལ་ཡོངས་ས་ཆེན་གསུང་རབ་སློབ་གཉེར་ཁང་འདི་བཞིན་གསར་འཛུགས་མཛད་ནས་སྔོན་བྱོན་བོད་ཀྱི་མཁས་པ་རྣམས་ཀྱིི་ཡིག་ཆ་བསྔུ་རུབ་མཛད་ནས་གསུམ་འབུམ་ཕྱོགས་སྒྲིགས་ཀྱི་མཛད་འགན་བཞེས། ལོ་གཅིག་ནང་དབྱར་དུས་སུ་ གྲུབ་མཐའ་རིས་མེད་ཀྱི་བླ་ཆེན་རྣམ་པ་དང་ཕྱི་ལོག་ནས་ཕེབས་པའི་ཆོས་ཞུ་བ་སྟོང་ཚོར་ལྷག་ལ་བློ་སྦྱོང་ཞེན་པ་བཞི་བྲལ་དང་བློ་སྦྱོང་དོན་བདུན་མ་སོགས་བཀའ་ཆོས་སྩོལ་གནང་མཛད། རྒྱུན་དུ་ཉམས་ལེན་འབའ་ཞིག་ལ་བརྩོན་ནས་བཞུགས་ པ་མ་ཟད་དམ་པ་གང་ཉིད་ནི་སྐུ་ཚེ་གང་པོ་སངས་རྒྱས་ཀྱི་བསྟན་པ་ཁོ་ན་ཐུགས་ལ་བརྣག་ནས་བློས་གཏོང་གནང་མཁན་གྱི་ངེས་དོན་གྱི་སྐྱེ་ཆེན་ཞིག་རེད། ཁོང་གི་ཞལ་སློབ་ནི་ས་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྐྱབས་མགོན་༧གོང་མ་བདག་ཁྲི་ རིན་པོ་ཆེ་མཆོག་གི་དབུས་པའི་དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་རྣམས་དང་། ༧སྐྱབས་རྗེ་དིལ་མགོ་མཁྱེན་ བརྩེ་རིན་པོ་ཆེ་དབུས་པའི་གསང་ཆེན་རྙིང་མ་པའི་བསྟན་འཛིན་རྣམས་དང། རྒྱལ་བ་འབྲི་གུང་པའི་རྒྱལ་ཚབ་ ༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་དབུས་པའི་མཉམ་མེད་བཀའ་རྒྱུད་པའི་བསྟན་འཛིན་ལ་སོགས་པའི་དེང་གི་དུས་སུ་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་འཛིན་ནུས་ཀྱི་བསྟན་འཛིན་གྱི་སྐྱེ་བུ་དམ་པ་མང་དུ་བྱོན། རིམ་བཞིན་ཁ་སྔོན་བོད་ཟླ་༡༡་སྔ་མའི་ཚེས༢༣ཕྱི་ཟླ་༡༢པའི་ཚེས་༢༨་ཉིན་སྔ་དྲོ་བལ་ཡུལ་གྱི་ཕྱག་ཚོད་དགུ་ པའི་ཐོག་གདུལ་བྱ་རྟག་འཛིན་ཅན་རྣམས་གཟུགས་སྐུ་བཀོད་པའི་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏེ་ཉིན་གསུམ་རིམ་ཐུགས་དམ་བཞུགས་པ་མ་ཟད་ངོ་མཚར་བའི་ཚད་མ་སོགས་ཧ་ཅང་ཡོད་འདུག དམ་པ་གང་ཉིད་སྐུ་ཞི་བ་གཤེགས་པ་དེ་ནི་སྤྱི་ན་སངས་རྒྱས་བསྟན་པ་དང་ཡང་དགོས་བོད་གངས་ཅན་གྱི་ ལྗོངས་འདིར་བསྟན་འཛིན་གྱི་སྐྱེ་བུ་ཞིག་ཉུང་དུ་ཕྱིན་ཡོད་པ་གདོན་མི་ཟ་བའི་ཡིད་སྐྱོ་བས་གནས་ཚུལ་ཞིག་རེད་འདུག་སྙམ། སྐུ་གདུང་ཞུགས་འབུལ་གྱི་ཆེད་རྒྱ་གར་ནས་༧སྐྱབས་རྗེ་དཔལ་ས་སྐྱ་༧གོང་མ་བདག་ཁྲི་ རྡོ་རྗེ་འཆང་ཆེན་པོ་མཆོག་དང་༧སྐྱབས་རྗེ་༧ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་རྣམ་གཉིས་ཆེད་འཕེབས་གནང་འདུག སྐབས་དེར་འཛམ་གླིང་ཤར་ནུབ་ཡུལ་གྲུ་གང་ས་ནས་ཁོང་གི་བླ་མ་དང་སློབ་མ་རིས་སུ་མ་མཆེད་པའི་ བླ་ཆེན་མི་ཆེན་བཅས་མཆོད་འབུལ་ལ་ཆེད་བཅར་བ་མང་པོ་ཞིག་ཕེབས་ཡོད་པ་མ་ཟད། རྒྱ་གར་ནས་གདན་ ས་ཁག་གི་སྐུ་ཚབ་དང་ཆོག་གྲྭ་སོགས་ཆེད་གཏོང་གནང་འདུག།ཕྱི་ཚེས་བདུན་ཉིན་མོ་ཕྱོགས་གཞི་དཀྱིལ་ འཁོར་བཞིའི་སློབ་དཔོན་དུ་ཤར་དུ་རྣལ་འབྱོརམའི་དཀྱིལ་འཁོར་གྱི་རྡོ་སློབ་དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དང་། ལྷོར་དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་གྱི་རྡོ་སློབ་འཁོན་གདུང་༧བདག་ཆེན་རཏྣ་བཛྲ་རིན་པོ་མཆོག་དང་། ནུབ་ཏུ་ཀུན་རིག་རྣམ་པ་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་རྡོ་སློབ་ཏུ་༧སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག་དང་། བྱང་དུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་རྡོ་སློབ་ཏུ་རྫོང་གསར་མཁྱེན་ བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་མཆོག་བཅས་དབུ་བཞུགས་ཐོག་གཞན་ཡང་བླ་ཆེན་རྣམ་པ་དང་དགེ་འདུན་ འདུས་པ་བདུན་བརྒྱ་ཡས་མས་བཅས་ཚོགས་བཞུགས་གནང་ནས་ཞུགས་འབུལ་གནང་སོང་། སྐབས་དེར་ བོད་རིགས་བལ་པོ་ཡུལ་མི་སོགས་མི་མང་སྟོང་ཚོ་མང་པོ་ཡང་ཚོགས་མཇལ་ལ་བཅར་འདུག
