རྒྱུད་སྟོད་དགོན་གྱི་ས་ཆའི་བདག་དབང་མིང་བསྒྱུར་རྒྱུ།

ཟླ་འདིའི་ཚེས་༡༤ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ༧རྒྱལ་བ་ཀརྨ་པའི་གནས་སྐབས་ཀྱི་བཞུགས་གནས་རྒྱུད་སྟོད་གྲྭ་ཚང་དེ་ཕྱི་ལོ་༢༠༠༢ ལོར་མངའ་སྡེ་དེ་གའི་ཡུལ་མི་ལྡི་ལི་རམ་དང་པཱམ་སིང་གཉིས་ཀྱི་མིང་ཐོག་ནས་ས་ཁང་དེའི་བདག་དབང་དེབ་སྐྱེལ་བྱས་ཡོད་པ་དེ། ཟླ་འདིའི་ཚེས་༡༥ མངའ་སྡེ་གཞུང་གི་མིང་དུ་བསྒྱུར་རྒྱུ་ཡིན་ལུགས། རྒྱུད་སྟོད་གྲྭ་ཚང་གི་འབྲེལ་ཡོད་ལས་ཁུངས་སུ་སྔོན་བརྡ་ཞིག་བཏང་ཡོད་ཅེས་མངའ་སྡེའི་ཁྲལ་བསྡུ་འགན་འཛིན་རྒན་པ་སྐུ་ཞབས་ནཱ་རེན་ཤི་ཀུ་མར་གྱིས་བརྗོད་འདུག

monasteryside༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་ཕྱི་ལོ་༢༠༠༦ དང་༢༠༠༧ ཙམ་ཀོང་རེ་སི་ཆབ་སྲིད་ཚོགས་པས་མངའ་གཞུང་གི་སྲིད་སྐྱོང་སྐབས། མངའ་སྡེའི་བློན་ཆེན་སྐུ་ཞབས་ཝིར་བྷ་དྷར་སིང་མཆོག་ལ་བོད་མིས་ཁྲིམས་འགལ་ཐོག་ནས་ས་ཁང་བདག་དབང་དེབ་སྐྱེལ་བྱས་པ་ཁག་༧༣ གྱི་ཐོ་གཞུང་རྣམས་དྭངས་བླང་གི་ཐོག་ནས་མངའ་གཞུང་ལ་སྤྲད་པའི་འབྲས་བུར། བློན་ཆེན་གྱིིས་སློབ་གྲྭ་དང་དགོན་སྡེ་ཁག་མངའ་སྡེའི་མིང་ཐོག་ནས་བདག་དབང་ལེན་རྒྱུ་དང། རྗེས་སུ་ས་ཁང་དེ་དག་ལོ་ངོ་སུམ་ཅུའི་རིང་ཕྱིར་བཙན་བྱོལ་གཞུང་གི་མིང་ཐོག་ནས་བོགས་མ་གཏོང་རྒྱུ་དང། བོགས་མ་གཏོང་གླ་ས་ཁང་གི་སྤྱིའི་རིན་འབབ་ཀྱི་བརྒྱ་ཆ་༡༠ མངའ་སྡེ་གཞུང་ལ་འབུལ་དགོས་པའི་ཞལ་བཞེས་བཟང་པོ་ཐོབ་ཡོད་པ་རེད།

བཙན་བྱོལ་བོད་གཞུང་གིས་ཧི་མ་ཅལ་མངའ་གཞུང་ལ་རྩིས་འབུལ་ཞུས་པའི་གོང་འཁོད་ས་ཁང་༧༣ ནས་ས་ཁང་༤༠ བདག་དབང་མངའ་སྡེ་གཞུང་གི་མིང་ཐོག་ཏུ་བསྒྱུར་ཟིན་ལུགས་དང། རྒྱུད་སྟོད་གྲྭ་ཚང་གཙོས་པའི་འཕྲོས་ས་ཁང་རྣམས་ཀྱི་བདག་དབང་མིང་བསྒྱུར་གྱི་བརྒྱུད་རིམ་འགྲོ་བཞིན་ཡོད་ལུགས་སོགས་འཁོད་འདུག ད་ཆ་རྒྱུད་སྟོད་གྲྭ་ཚང་གི་ས་ཁང་བདག་དབང་གི་མིང་དེ་མངའ་གཞུང་གི་མིང་ཐོག་ཏུ་འཕྲལ་དུ་བསྒྱུར་རྒྱུའི་གཏན་ཁེལ་གསལ་བསྒྲགས་བསྐྱངས་དགོས་དོན་ནི། ༧རྒྱལ་བ་ཀརྨ་པ་མཆོག་རྒྱུད་སྟོད་གྲྭ་ཚང་དུ་བཞུགས་ཀྱི་ཡོད་པ་དང། ཉེ་བའི་ཆར་མཚུར་ཕུ་བླ་བྲང་ནས་དངུལ་དམར་འབོར་ཆེན་ཐོན་པའི་དོན་རྐྱེན་ལ་བརྟེན་ནས། རྒྱུད་སྟོད་གྲྭ་ཚང་གི་ས་ཁང་བདག་དབང་དེ་མངའ་གཞུང་གི་མིང་ཐོག་ཏུ་བསྒྱུར་རྒྱུའི་དོ་སྣང་གསར་དུ་སླེབས་པ་ལྟ་བུ་ཞིག་མངོན་གྱི་ཡོད་པ་རེད།།

{jcomments on}