ཧི་མ་ཅལ་བློན་ཆེན་གྱིས་ཡུལ་ཁྲིམས་སྲུང་རོགས་ཞེས་བརྗོད་འདུག

ཟླ་འདིའི་ཚེས་༡༦ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། མངའ་གཞུང་བློན་ཆེན་གྱིས་ཧི་མ་ཅལ་མི་མང་གི་ངོས་ནས་༧གོང་ས་མཆོག་ལ་འཚོ་ཞིང་བཞུགས་པའི་སྟོན་པ་ཞེས་ངོས་འཛིན་བྱེད་ཀྱི་ཡོད་པ་དང། ༧གོང་ས་མཆོག་མངའ་སྡེ་འདིར་མི་ལོ་ལྔ་བཅུ་ལྷག་གི་རིང་ལ་བཞུགས་ཡོད་པས་མངའ་སྡེའི་མི་མང་གི་ཁྲོད་བརྩི་མཐོང་དང་གུས་བཀུར་ཆེན་པོ་ཡོད་པ་གསལ་པོ་རེད་ཅེས་བརྗོད་འདུག བྷི་ཇི་པི་ཆབ་སྲིད་ཚོགས་པས་མགོ་ཁྲིད་པའི་མངའ་གཞུང་བློན་ཆེན་གྱིས་མངའ་གཞུང་གི་ངོས་ནས་ཡུལ་ཁྲིམས་སྲུང་བརྩི་ཞུ་མཁན་བོད་མི་སུ་འདྲ་ཞིག་ཡིན་ཡང་དེ་ལ་སྲུང་སྐྱོབ་དང། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་བོད་མི་ཡིན་ནའང་འདྲ། མངའ་སྡེའི་ཡུལ་མིའམ། མངའ་སྡེ་གཞན་གྱི་ཡུལ་མི། དེ་བཞིན་ཕྱི་རྒྱལ་བ་སུ་ཡིན་ཡང་ཡུལ་ཁྲིམས་སྲུང་དགོས་པ་དང། ཁྲིམས་ལས་མཐོ་བའི་གང་ཟག་སུ་ཡང་མེད་པ་རེད་ཅེས་བརྗོད་འདུག

མུ་མཐུད་གསུང་དོན། མངའ་སྡེ་གཞུང་གིས་མི་སུ་འདྲ་ཞིག་ལ་ནག་ཉེས་མིང་འདོགས་བྱ་རྒྱུར་འདོད་མོས་མེད་པ་དང། བོད་མི་དང་རྒྱ་གར་ཡུལ་མི་གཉིས་ཕན་ཚུན་ས་གནས་གཅིག་ཏུ་མཛའ་བརྩེའི་ཁོར་ཡུག་ལྡན་པའི་ནང་དུ་ལོ་ངོ་ལྔ་བཅུའི་རིང་གཤིབས་ཡོད་པ་དེ་རྒྱུན་སྲིང་ཐུབ་པ་ཞིག་དགོས། ཉེ་ཆར་ཧི་མ་ཅལ་ས་མཚམས་ནས་ཉེན་རྟོག་པས་བསྔོག་བཤེར་བྱེད་སྐབས་རླངས་འཁོར་ཞིག་གི་ནང་དུ་དངུལ་འབོར་ཆེན་ཐོན་པ་དང། འདྲི་བརྩད་བྱས་རྗེས་དངུལ་དམར་དེ་དག་༧རྒྱལ་བ་ཀརྨ་པའི་བླ་བྲང་དང་འབྲེལ་བ་ཡོད་པ་གཞི་ནས་ཤེས་རྟོགས་བྱུང་བ་རེད། དབུས་རྟོགས་ཞིབ་ལས་ཁུངས་གཙོས་པའི་རྟོགས་ཞིབ་ལས་ཁུངས་གཞན་ཁག་ཅིག་ནས་གནད་དོན་དེར་ཁྲིམས་ལུགས་ལྟར་ཞིབ་དཔྱོད་བྱེད་པའི་བརྒྱུད་རིམ་ཁྲོད། བླ་བྲང་རང་ནས་ཀྱང་རྒྱ་མིའི་སྒོར་མོ་གཙོས་དེ་མིན་ཡུལ་གྲུ་ཁག་གི་དངུལ་དམར་འབོར་ཆེན་ལག་སོན་བྱུང་བ་ཙམ་ལས། མངའ་གཞུང་གི་དཔོན་རིགས་སུ་གཅིག་གིས་ཀྱང་༧རྒྱལ་བ་ཀརྨ་པའི་ཁ་གཏད་དུ་གང་ཡང་བརྗོད་མེད་པ་རེད། ཚགས་ཤོག་སོགས་གསར་འགྱུར་བརྒྱུད་ལམ་ཁག་གིས་གནད་དོན་དེར་ཁུངས་ལུང་དཔང་རྟགས་བཙན་པོ་མེད་པར། གང་བཤད་གང་བྲིས་བྱས་པ་རྣམས་མངའ་གཞུང་དང་འབྲེལ་བ་གཏན་ནས་མེད་ཅེས་བརྗོད་འདུག

ཁོང་གིས། ༧གོང་ས་མཆོག་གིས་ཀྱང་གནད་དོན་དེར་ཞིབ་འཇུག་མཐིལ་ཕྱིན་དང་བདེན་པ་གང་ཡིན་ཕྱིར་བསྒྲགས་བྱེད་དགོས་ཞེས་གསུངས་པ་དེ་ལུང་འདྲེན་ཡང་བྱས་འདུག སྤྱིར་གནད་དོན་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་གིས་དངུལ་དམར་ལག་སོན་བྱུང་བ་ཡིན་སྟབས། དེ་ལ་ཞིབ་བཤེར་བྱ་རྒྱུར་རྒྱ་གར་དབུས་གཞུང་དང་ཐད་དཀར་འབྲེལ་བ་ཡོད་པ་ལས་མངའ་གཞུང་ལ་ཞིབ་བཤེར་བྱ་རྒྱུར་དེ་ཙམ་གྱིས་འགན་དབང་མེད་པས། མཚུར་ཕུ་བླ་བྲང་ལ་ཞལ་འདེབས་ཀྱི་ཚུལ་དུ་ཕུལ་བའི་དད་ལྡན་པ་རྣམ་པའི་དངུལ་དམར་རྣམས་དབུས་སྤྱི་ཁྱབ་ཉེན་རྟོག་ལས་ཁུངས་ཀྱིས་འདྲི་བརྩད་ལ་དོགས་སེལ་དང། དཔང་རྟགས་འབུལ་ཐུབ་དགོས་པའི་སྐུལ་མ་ཡང་བྱས་འདུག

གཞན་ཡང་མངའ་སྡེའི་བློན་ཆེན་མཆོག་གིས། ཧི་མ་ཅལ་མངའ་སྡེར་སྡོད་ཁང་དང་དོན་དག་གཞན་གྱི་ཆེད་ས་ཆ་ཉོ་ཚོང་སོགས། ཁྲིམས་མཐུན་ངང་བྱེད་དགོས་པ་ལས་ཁྲིམས་འགལ་གྱི་ས་ཆ་ཉོ་ཚོང་བྱེད་མཁན་རྣམས་ལ་ཁྲིམས་ལུགས་བཞིན་ལག་ལེན་བསྟར་རྒྱུ་ཡིན་ཞེས་གསུངས་འདུག །

{jcomments on}