ཐ་སྙད་གསར་བའི་གཏམ།(བརྒྱུད་བཀོད)

   ངོ་གཞོང་ནང་དུ་རང་འབབ་ཆུ་ཡིས་བཀང་།།

   ཁྲུས་རས་བླངས་ནས་སྟེང་ལ་སྤོས་ཆལ་བྱུག།

   མཛེས་འཆོས་མེ་ལོང་བལྟ་བཞིན་དག་གཙང་བྱས།།

   གློག་སྡུད་ཐབ་ཀའི་སྐུད་སྣེ་བསྒར་ཁུང་དྲངས།།

   སྟེང་དུ་ཆུ་སྐོལ་ཞོར་དུ་མགྱོགས་ཟས་ཟོས།།

   རྒྱང་འཛིན་བཟུང་ནས་བརྙན་འཕྲུལ་གློག་སྒོ་ཕྱེས།།

   ལྡེབས་དགལ་དྲོད་སྙོམ་ཕྱེས་ནས་ནེམ་ཁྲིར་འདུག།

   ལག་འཕྲིན་བརྒྱུད་ནས་གྲོགས་པོ་ཁྱིམ་དུ་བོས།།

   སྒོ་དྲིལ་གྲགས་རྗེས་མགྲོན་པོ་ཁྱིམ་ལ་འབྱོར།།

   འཁྱག་སྒམ་ཕྱེས་ནས་གཏེར་ཆུ་རླངས་ཆུ་བླངས།།

   གླང་དམར་སིལ་ཁུ་ལྦུ་ཆང་ཆང་རྒོད་བླངས།།

   བསིལ་ལྦུ་ཁོལ་ཁོལ་ཁུ་ནག་རྒུན་ཆང་བླངས།།

   རྒུན་དམར་ཆང་སོགས་མགྲོན་པོས་སྔོན་ལ་བཤམས།།

   ཀུབ་འབྲུ་རྒུན་འབྲུམ་འབྲི་སེའུ་ངང་ལག་དང་།།

   ཆུ་ཀུ་བ་སོགས་མདུན་ཅོག་སྟེང་དུ་སྒྲིག།

   སྐད་སྦུག་བཟུང་ནས་ངེད་གཉིས་གླུ་དབྱངས་བླངས།།

   སྒྲ་སྒམ་ནང་ནས་སྐད་ངག་སྙན་མོ་བྱུང་།།

   དེ་རྗེས་སྒོ་ཕྱིར་སོང་ནས་སྟེགས་གྲུག་རྩེས།།

   འགྲིག་ཤོ་བརྒྱབ་ནས་ང་རང་རྒྱལ་ཁ་ཐོབ།།

   སྐྲ་བཞར་ཁང་དུ་སོང་ནས་མགོ་བོ་བཀྲུས།།

   རྒྱ་ཁོག་མ་ཟོས་གྲང་ཐུག་ཟ་རུ་སོང་།།

   ནང་ལ་བྲོ་སྐྱུར་དང་ནི་སྲན་སྣུམ་བླུགས།

   རང་ཉིད་སྡོད་པའི་གཞེས་ཁུལ་ལ་སོང་ནས།།

   ཉེན་འགོག་སྒྲོམ་ལས་སྒོར་གྱིས་བྱང་བུ་བླངས།།

   རང་ལེན་དངུལ་སྟེགས་སྟེང་ནས་སྒོར་ཤིག་བླངས།།

   དུག་སེལ་སྒྲོམ་དང་གོ་རེ་སྲེག་སྒམ་དང་།།

   གློག་བ་གློག་ལྡིར་ལ་སོགས་མཁོ་ཆས་ཉོས།།

   ལག་གདགས་ཆུ་ཚོད་བལྟས་པའི་དགོང་ཁ་ཐོན།།

   མདོག་འགྱུར་མིག་ཤེལ་གྱོན་པའི་གྲོགས་པོ་དེ།།

   རྣར་གཞུག་ཉན་བཞིན་རང་ཡུལ་བསྙེག་ནས་སོང་།།

   ང་རང་ཁྱིམ་དུ་ལོག་ནས་མགྱོགས་ཐུག་འཐུང་།།

   རྔུབ་ཕྱགས་བཟུང་ནས་རང་ཁྱིམ་གཙང་སྦྲ་བྱས།།

   རྩིག་དགལ་ཆུ་ཚོད་བལྟས་པའི་ཉལ་རན་ཐོན།།

   སྔས་ཚངས་སྟེང་ལ་སྔས་ཤུབས་དམར་པོ་བསྐོན།།

   དེ་ཡིས་སྟེང་ལ་སྔས་ཁེབས་སེར་པོ་བཀབ།།

   ཉལ་ཁེབས་གོན་ནས་མལ་ཁྲིའི་སྟེང་དུ་ཉལ།།

   ཐོབ་ཐང་དཔང་ཁྱེར་མེད་པའི་རྨི་ལམ་པ།།

   ང་རང་སློབ་ཁྲིད་གཉེར་བའི་དགེ་རྒན་ཞིག།

   སམ་ཕྱིས་བཟུང་ནས་ནག་པང་གཙང་དག་བྱས།།

   ཞ་སྙུག་བཟུང་ནས་དབྱངས་གསལ་སོ་བཞི་བྲིས།།

   གློ་བུར་ཕྱི་གླིང་ཡུལ་གྱི་མི་མང་ཐོན།།

   ལ་ལས་རྐང་གསུམ་ས་ལ་བཙུགས་ནས་ནི།།

   སྟེང་དུ་བརྙན་ལེན་འཕྲུལ་ཆས་ཆེན་པོ་བཞག།

   འགའ་རེའི་པར་ཆས་བཟུང་ནས་ལེན་གྲབ་བྱེད།།

   གློ་བུར་ཅོང་དུས་གྲགས་དང་ལྷན་ཅིག་དུ།།

   ང་རང་གཉིད་ལས་སད་བྱུང་དགོད་རེ་བྲོ།།

           འདི་ནི་མགོ་ལོག་མང་ཚོགས་སྒྱུ་རྩལ་ཁང་གིས་འབྲོག་པར་བོད་ཡིག་བོད་སྐད་སློབ་ཁྲིད་ལས་འགུལ་སྤེལ་དུས་ང་རང་དགེ་རྒན་ལ་

འབོད་སྐབས། བོད་མདོ་དབུས་ཁམས་གསུམ་གྱི་མཁས་པ་དག་གིས་གཅིག་གྱུར་ཐག་གཅོད་བྱས་པའི་བོད་རྒྱ་དབྱིན་ཤན་སྦྱར་ཚིག་མཛོད་

ལས་རྒྱུན་བཀོལ་འགའ་སློབ་གྲོགས་ཚོར་སྟབས་བདེར་དམིགས་ནས་ཚིག་བཆད་བྱས་པ་ཡིན་ནོ།འཇམ་དབྱངས་བློ་གྲོས་ཀྱི་ཟིན་བྲིས་ལས་དྲངས།