འོས་གཞི་དྲང་མོར་བཀྲམ་དགོས།

སྐབས་བཅུ་བཞི་པའི་སྤྱི་འཐུས་སླེབས་ལ་ཉེ་བས་ཚང་མས་རང་ཕྱོགས་གཙོ་བོར་མི་འཛིན་པར་བོད་མི་མང་གི་བདེ་སྡུག་ལ་གཟིགས་ཐུབ་མཁན་གྱི་སྤྱི་འཐུས་འདེམ་ཐབས་བྱེད་རྒྱུ་ཤིན་ཏུ་གལ་ཆེ། རང་ཕྱོགས་ཀྱི་མི་ཞིག་གཙོ་བོར་བཟུང་ན་མཐའ་གཅིག་ཏུ་ཕྱོགས་རིས་རེད་ཅེས་བརྗོད་པ་ཤིན་ཏུ་དཀའ་ཡང༌། ནམ་རྒྱུན་རང་ཕྱོགས་ལས་གཞན་གྱི་ཡོན་ཏན་སྣེ་གཅིག་མི་མཐོང་བ་དེ་ཡང་བསམ་བློ་ཡང་དག་ཅིག་ཡིན་པ་ལ་ངོས་འཛིན་བྱེད་མི་འོས། ཚོགས་པ་ཁག་དང་སྒེར་གྱི་མིང་ཐོག་ནས་འོས་གཞི་གང་མང་བཀྲམ་བཞིན་ཡོད་པ་ནི་མང་གཙོའི་ལུགས་དང་མཐུན་པས་རྗེས་སུ་ཡི་རངས་བྱེད་འོས་མོད། ཤེས་འཇོན་ལ་མི་ལྟ་བར་རང་གི་ལས་དོན་རྣམས་ཚགས་ཚུད་ཡོང་ཆེད་དང་རང་གི་ལུང་ཚན་དང་གཉེན་ཉེ་སོགས་ལ་ཁེ་ཕན་ཅུང་འཐོབ་ཆེད་དུ་འོས་གཞི་བཀྲམ་ན། བོད་མིའི་སྤྱི་ཚོགས་ནང་དུ་ཡིག་རྨོངས་པ་དང་ཤེས་ཡོན་ལྷག་བསམ་ཅན་གྱི་མི་སུ་ཡིན་ལ་ནམ་རྒྱུན་དོ་སྣང་མེད་མཁན་མི་ཉུང་ཙམ་ཡོད་པས། ཁོང་ཚོས་འོས་གཞི་གང་བཀྲམ་པ་ལྟར་འོས་ཤོག་བླུག་རྒྱུ་ཡིན་པ་གསལ་པོ་ཡིན། དེར་བརྟེན་འོས་གཞི་དྲང་པོར་བཀྲམ་པ་དང་འོས་མིའི་ལོ་རྒྱུས་ངོ་སྤྲོད་གསལ་པོ་དགོས་པ་ཤིན་ཏུ་གལ་ཆེ།

འོས་བསྡུའི་སྒྲིག་གཞི་ཡང་དག་ཅིག་མི་ཤེས་མཁན་དང་འོས་མི་རང་བློ་ན་གྲ་སྒྲིག་མེད་མཁན་གཞུང་གི་ལས་བྱེད་ནང་དུའང་གང་མང་ཞིག་ཡོད་པར་སྣང༌། མི་མང་ཚང་མས་གཞན་གྱི་གཡོ་འོག་ཏུ་མ་ཚུད་པར་འོས་བསྡུའི་སྒྲིག་གཞི་དང་འོས་མིའི་ལོ་རྒྱུས་སོགས་ལ་དོ་སྣང་བྱེད་དགོས་པ་ཤིན་ཏུ་གལ་ཆེ། དེ་བཞིན་མི་མང་གི་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་སྐབས་གཉིས་པའང་སླེབས་ལ་ཉེ་བ་མ་ཟད་དེའི་སྐོར་ལ་བསམ་ཚུལ་མི་ཉུང་ཙམ་ཐོན་བཞིན་ཡོད། ཀུན་གྱིས་བོད་རྒྱ་ཞི་མོལ་བྱེད་ཐུབ་མཁན་ཞིག་དགོས་པ་རེད་ཅེས་བཤད་བཞིན་ཡོད་ལ། དེ་གལ་ཆེན་པོ་འང་ཡིན་མོད། ཧོབ་སྟེ་ཁ་ལ་བོད་རྒྱ་ཞི་མོལ་བྱེད་ཐུབ་མཁན་ཞིག་ཡོད་པ་མ་རེད་ཅེས་བརྗོད་ནའང་མི་ཆོག་པ་མེད་པར་སྙམ། ད་སྔོན་བོད་ཀྱི་དཔའ་བོ་དཔའ་མོ་གང་མང་ཞིག་གིས་རྒྱ་བོད་ཞི་མོལ་གྱི་ཆེད་དུ་རང་སྲོག་བློས་བཏང་ཡོད་ལ། ཤེས་ཡོན་དང་ལྷག་བསམ་ཅན་ཚོས་ཐབས་ཤེས་གང་མང་བྱས་ཡོད། དེ་བཞིན་ངའི་འཇོན་ཟེར་མཁན་དང་ཁོ་ལ་འོས་ཤོག་ཐོབ་ན་འཇོན་རྒྱུ་རེད་ཟེར་ས་རྣམས་ཀྱིས་ཀྱང་ལོ་མང་རིང་སྤྱི་འཐུས་དང་བཀའ་ཤག་གི་ལས་འགན་བཞེས་མྱོང་ཡོད་པས། དོན་དག་དེ་མ་འགྲུབ་པ་ལས་མ་བསྒྲུབས་པ་དང༌། བསྒྲུབ་མ་ཕོད་པ། བོད་ཀྱི་ཆབ་སྲིད་པའི་མིང་ཡོད་མཁན་ཚོའི་ཕྱག་ཏུ་མ་ཡོང་ཞིག་གཏན་ནས་མིན། ྋགོང་ས་མཆོག་གིས་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་བོད་དོན་འགྲུབ་རྒྱུ་མིན་པ་གསལ་པོར་དགོངས་ནས་བོད་ཀྱི་བདེན་མཐའ་གསལ་ཐབས་ཀྱི་འགན་བོད་རིགས་གཞོན་སྐྱེས་ཚོར་ཡོད་པས། ཤེས་ཡོན་ཡར་རྒྱས་གཏོང་དགོས་ལ་གཞིས་ཆགས་སྲ་བརྟན་དུ་གཏོང་དགོས་པའི་བཀའ་སློབ་ཐེངས་མང་གནང་ཡོད།

བོད་རྒྱ་ཞི་མོལ་གཙོ་བོར་བཟུང་ནས་ཕྱག་ལས་གནང་སྟེ་གཞིས་ཆགས་སྲ་བརྟན་དང་ཤེས་ཡོན་ཡར་རྒྱས་ཀྱི་སྐོར་ལ་ཐུགས་འགན་བཞེས་པ་དེ་མ་འོས་པ་ཞིག་གཏན་ནས་མིན། དེ་ནི་རྒྱ་གར་ལུང་པ་ན་ཡོད་པའི་བོད་མི་གཅིག་པུའི་ཆེད་དུ་མིན་ལ་ྋགོང་ས་མཆོག་གི་དགོངས་པ་དང་བོད་མི་མང་གི་རྩ་ཁྲིམས་དང་མ་མཐུན་པ་ཞིག་ཀྱང་མིན། བོད་རང་དབང་མ་ཐོབ་ཀྱི་བར་དུ་བོད་མིའི་བདེ་སྡུག་གི་ཆེད་དུ་འདིར་གནས་དགོས་པ་ཡིན་པས་གནས་ཚང་སྲ་བརྟན་ཞིག་དགོས་པའང་ཤིན་ཏུ་གལ་ཆེ། མི་སུ་ཞིག་གིས་མཐོང་ན་གཞུང་གི་ལས་ཁུངས་ཁག་དང་གཞི་ཆགས་ཁག། སློབ་གྲྭ་སོགས་ཚགས་ཚུད་པོ་དང་ཡར་རྒྱས་ཀྱི་རྣམ་པ་ཞིག་དགོས་པ་ལས། བཙན་བྱོལ་བོད་མིར་སྡོད་ཁང་ཡག་པོ་ཞིག་ཀྱང་ཡོད་པ་མ་རེད་ཟེར་ས་ཞིག་ཡིན་ན། མིས་འཕྱ་སྨོད་བྱེད་སའི་གནས་ལས་གང་ཡང་མི་ཕན་པ་གསལ་པོ་ཡིན། མི་རབས་ནས་མི་རབས་བརྒྱུད་བོད་ཀྱི་བདེན་མཐའ་རྩོད་དགོས་བྱུང་ནའང་གནས་ཚང་དུ་སྡོད་ཆོག་ཆོག་དང་ཤེས་ཡོན་དང་གོམས་གཤིས་སོགས་རྒྱུད་འཛིན་བྱེད་ཐུབ་པའི་ཁོར་ཡུག་བསྐྲུན་ཐབས་བྱེད་དགོས། ད་ལྟ་བོད་རྒྱའི་བར་དུ་འབྲེལ་ལམ་ཅུང་ཡོད་པ་དེ་དོན་དང་ལྡན་པའི་ཡར་རྒྱས་གཏོང་ཐུབ་མཁན་དང༌། བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ལ་གཟིགས་ཐུབ་མཁན་གྱི་བཀའ་སྤྱི་དགོས་པར་སྣང༌། ཕུགས་རྒྱང་རིང་པོར་བསམ་བློ་གཏོང་དགོས་པ་ལས་ཤེས་འཇོན་ལ་མི་ལྟ་པར་རྩ་དོན་ལ་ཁ་གཡར་ནས་རང་ཕྱོགས་ཀྱི་མི་སྣ་ཞིག་བཀའ་བློན་དང་སྤྱི་འཐུས་ནང་དུ་སླེབས་ཐབས་བྱེད་པ་དང༌། ས་གནས་ཁ་ཤས་རང་གི་ཆོལ་ཁོངས་ཡིན་པ་ཧམ་བཤད་བྱས་ཏེ། “ཨ་ཁུ་མི་གཅེས་ཏ་ལེན་གཅེས། ཨ་མ་མི་གཅེས་ནུ་མ་གཅེས་”ཞེས་པའི་དཔེ་ལྟར་ས་གནས་དེ་རང་གི་ཆོལ་ཁོངས་ཡིན་པ་མཚོན་བྱེད་དུ་ས་གནས་དེའི་མི་གང་རུང་ཞིག་རང་གི་ཆོལ་ཁོངས་ཀྱི་འོས་གཞིའི་ནང་དུ་བཀྲམ་ཐབས་བྱས་ནས་མི་མང་མགོ་སྐོར་གཏོང་གི་ཡོད་པ་སོགས་བདེན་པ་ཡིན་ན་ཆེས་མ་འོས་པ་ཞིག་རེད། ད་ལྟ་ཆོལ་ཁ་ཡི་ས་མཚམས་རྩོད་རྒྱུ་ལས་རྒྱ་བོད་ས་འཚམས་རྩོད་དགོས་པ་དེ་གལ་ཆེ་བས། བཙན་བྱོལ་བོད་མི་ཚང་མས་ནང་ཁུལ་དུ་རྩོད་རྙོག་མི་སློང་པར་མིང་དོན་མཚུངས་པའི་བཀའ་སྤྱི་གཉིས་འདེམ་ཐབས་ལ་སུའི་གཡོ་འོག་ཏུ་མ་ཚུད་པར་སོ་སོས་འོས་འགན་ལེན་དགོས་པ་ཤིན་ཏུ་གལ་ཆེ།།