ང་ཡི་བླ་མ།
ཆོས་ཀྱི་མིང་དོན་རྙེད་པའི་ཞོགས་པ་ནས།།
འདི་སྣང་ཆུ་ལ་བསྐུར་བའི་བྲེལ་ཟིང་ཁྲོད།།
རང་ངོ་རླུང་གིས་གཏོར་བའི་དྲག་ཆར་ལ།།
བཀག་འགོག་ཟློས་གར་བོར་བའི་འཇོན་མེད་ཁྱོད།།
བླ་མ་བླ་མ་ཟེར་བའི་ཁྲོམ་ར་ན།།
ཟློས་གར་འདྲ་མིན་འཁྲབ་པའི་བྲེལ་ཟིང་ནས།།
རང་ཉིད་ཟུར་དུ་ཕྱུང་པའི་ཁེར་རྐྱང་པ།།
ཁུ་སིམ་རང་ཉིད་འཇོམས་པའི་ཐོ་བ་ཁྱོད།།
དམར་སེར་མཁས་པའི་སྟོང་གི་མདུན་ས་ན།།
མི་འཇིགས་སྤོབས་པས་ཁྲི་ཁར་བཏེགས་ན་ཡང་།།
རང་སེམས་སྤྲང་གྲལ་ལྷུང་པའི་ཆད་ལྟ་བ།།
མགོ་བོ་སྙེ་མ་དུད་པའི་ཞིང་ཁ་ཁྱོད།།
དག་པ་རང་བྱུང་སེམས་ཀྱི་མོས་ངོ་ནས།།
ཡོད་ཚད་ཞིང་ལ་བཀོད་པའི་རྐྱེན་དག་གིས།།
རང་ཉིད་ཚོགས་ཞིང་བོར་པའི་ངལ་གདུང་ཞིག།།
ལྟག་སྤྲོད་གོ་བབ་ཞིག་གི་ཕྲག་སྟེང་ལྷུང་།།
ཆོས་ཚུལ་རྨ་འབྲི་དལ་བབ་ཀློང་དཀྱིལ་ནས།།
ཕ་ཆོས་གུང་ལ་བཏེགས་པའི་འོད་སྣང་གིས།།
མི་བཟོད་གཡང་རྒྱུག་འབྱུང་བྱ་ཁྱུ་གཅིག་གིས།།
གཏིང་ཟབ་ཁྲོན་པའི་སྦུབས་ན་བསྔོག་ནས་ཡོང་།།
དག་པ་རང་གཟུགས་སྒྲིབ་པ་མི་མངའ་ཡང་།།
འདི་སྣང་སྲིད་པའི་ལྟད་མོ་སྟོན་སྟངས་ལས།།
དཀར་དམར་ཁྲ་ཡི་སྣང་ཚུལ་མངོན་པ་དེ།།
འཁོར་འདས་གླེང་གཞི་སྦྲེལ་བའི་གཞི་མཐུན་ཡིན།།
ནམ་གྱི་སྐྱ་རེངས་ལྟ་བུའི་བླ་མ་ཁྱོད།།
ཉིན་དཀྱིལ་ཉི་མ་ལྟ་བུའི་གུར་ཁང་དུ།།
མི་བསླུ་རྟེན་འབྲེལ་གཤིས་ཀྱིས་འབུད་ངེས་པས།།
མི་རིང་པའི་སྤྲོ་བའི་སྟོན་དེ་ཚུགས་པར་རེངས།།