བོད་ལ་སྐྱེ་དོན་མ་འགྲུབ་ཐལ།

ཕར་ལ་བསྟུན་ན་རང་དོན་འཁྱོལ་འགྲོ་ལ།།
ཚུར་ལ་འཁོར་ན་གཞན་དང་འགལ་འགྲོ་བའི།།
མི་ལུས་རྒུད་པ་འདི་ཡི་སྔ་གཞུག་དུ།།
ཅི་ཙམ་རྒྱུགས་ཀྱང་འགྲོ་ས་དེ་བས་མང་།།

དགའ་བའི་མི་དེ་རང་ལ་མ་ཐོབས་ཀྱང་།།
གཞན་པའི་བུད་མེད་གཅིག་ལ་འགྲོག་ན་ཡང་།།
གཅིག་གི་དགའ་ས་གཅིག་ཉིད་མིན་དུས་ན།།
ཅི་ཙམ་བསམ་ཤེས་བྱས་ཀྱང་སེམས་ཚེགས་མང་།།

མཚན་མོ་ཉལ་ས་དྲོད་མིན་མ་བརྩད་ལ།།
ཉིན་མོ་ལས་དཀའི་དཀའ་ངལ་མ་དྲངས་པར།།
ཉིན་མཚན་འདུ་འཛིའི་གསེང་ནས་བསྐྱལ་དུས་སུ།།
ཅི་ཙམ་འབད་སྒྲུབ་བསགས་ཀྱང་མ་འདང་ཟེར།།

འདི་འདྲའི་འཇིག་རྟེན་མི་ཡི་དམྱལ་འཁོར་ན།།
མི་ལུས་སྐམ་པོའི་གཟུགས་ལ་དཔྱངས་པ་ཡི།།
སྐྱེ་བ་བོད་པའི་བུ་སྡུག་གཞན་ཡུལ་ནས།།
བོད་ལ་སྐྱེ་བའི་དོན་ཞིག་མ་འགྲུབ་ཐལ།།