གྲོགས་ལེ་ལོ་ཅན་ལ།
ཁྱད་པར་ལྷག་བསམ་དྭངས་མའི་མཁའ་དབྱིངས་ནས།།
གཏན་གྱི་གྲོགས་བཟང་འདུ་ཤེས་ཟླ་བའི་མདངས།།
གཉིས་མེད་བདག་ལ་སྤྲོས་པའི་སྤྲོ་བ་གང་།།
ཇི་བཞིན་བརྗོད་པའི་ཡུལ་ལས་འགོང་ན་ཡང་།།
ལྔ་རིགས་འབྲས་བུ་སྨིན་པའི་སློབ་གླིང་ནས།།
རང་དགོས་སློབ་ལ་བརྩོན་པ་མི་བགྱིས་པར།།
རྣམ་གཡེང་སྒྱུ་མའི་གྲོང་ནས་ཉུལ་བ་དེས།།
སེམས་ལ་ཟུག་རྔུ་སྟེར་བ་ཉུང་ཉུང་མིན།།
དེ་བས་བདག་གིས་ཁྱོད་ཉིད་སློབ་སྦྱོང་ལ།།
འབྱུང་འགྱུར་མདུན་ལམ་སེམ་སྟེ་གཞོལ་ཅིག་ཅེས།།
སྙིང་ནས་སྐུལ་བས་དང་དུ་ལེན་གྱུར་ན།།
ཁྱོད་ཀྱི་ཡོད་ཚད་སྤྲོ་བའི་རྒྱུ་ལས་ཅི།།
ཀྱེ་ཀྱེ་གྲོགས་ཁྱོད་གྲོགས་ཀྱི་འདུ་ཤེས་ཀྱིས།།
སློབ་སྦྱོང་བྱོས་ཞེས་ནན་གྱིས་སྐུལ་བའི་ཚིག།།
བདག་མེད་སྟོང་པའི་དབྱིངས་སུ་བཀོད་གྱུར་ན།།
སྐྱོ་གདུང་མཆི་མའི་ཆར་རྒྱུན་མཛད་མཐའ་དཀའ།།
