ལོ་སར་ནི་སྤྲོ་སྐྱིད་ཀྱི་དུས་ཚིགས་ནམ་ཡང་མིན་པ་ཤེས་དགོས།
དེ་རིང་ནི་སྤྱི་ལོ་ཉིས་སྟོང་བཅུ་ལོ་དལ་གྱིས་བུད་ནས་ཉིས་སྟོང་བཅུ་གཅིག་ལོ་བསླེབ་ལ་ཉེ་བའི་དུས་ཚིགས་ཤིག་རེད། དེས་ན་འཁོར་བ་ཞེས་པའི་བསྡོམས་ཚིག་འདི་ནི་ཁྱབ་རྒྱ་ཆེ་ཞིང་ལྷག་པར་དུ་སོ་སྐྱེས་ཐ་མ་པ་ཞིག་ལ་མཚོན་ནས་གླེང་ན་གནས་འདིར་ཡང་ཡང་འཁོར་དགོས་བས་སོང་ཙ་ན་ཡོངས་གྲགས་སུ་འདིའི་མིང་ལ་འཁོར་བ་ཞེས་བརྗོད་པར་གདོན་མི་ཟ། དེར་བརྟེན་གོང་གི་དེ་དག་སྤྱི་གླེང་ཙམ་ཡིན་གྱི་གླེང་འདོད་པའི་སྐད་ཆའི་སྐབས་སུ་མ་བབ་པའི་རྐྱེན་གྱི་འདི་ལྟར་བཞག་དགོས་བྱུང་།
འོན་ཀྱང་ངས་དེ་རིང་གླེང་དགོས་པའི་སྐད་ཆ་ནི་ཉིས་སྟོང་བཅུ་གཅིག་ལོའི་ལོ་སར་སྐོར་ཡིན། ནམ་རྒྱུན་ངེད་བོད་པ་ཚོས་་ཁ་བཤད་ཆུ་ཡི་རྦུ་བར་་ལག་ལེན་གསེར་གྱི་ཐིགས་པ་་ཞེས་པའི་དཔེར་འདི་གང་ཟག་གམ་མི་བུ་སྤྱི་སྒེར་སུ་ཡིན་རུང་རང་ཉིད་ཀྱིས་སྨྲ་སྒོས་བཤད་པའི་སྐད་ཆ་དེ་དག་ཁ་བཤད་དོན་ལ་གནས་དགོས་ཞེས་པའི་དཔེར་ལ་སྤྱོད་ཀྱིན་ཡོད། དེར་བརྟེན་མིང་ཚིག་འདི་ངས་ཀྱང་དེ་རིང་བེད་སྤྱོད་ཅིག་བྱེད་ན་འདོད། དེ་ནི་སྨྲ་བརྗོད་རང་དབང་ཡོད་པས་སོ།
དེ་རིང་གི་དུས་ཚིགས་ནི་སྔཽན་མ་ཡིན་ན་ངེད་སྒང་པ་བོད་ལ་མཚོན་ན་གནམ་ལོ་གསར་པའི་སྤྲོ་སྐྱིད་གཏོང་བའི་དུས་ཚིགས་ཤིག་རེད་ལ། ལྷག་པར་དུ་ང་རང་ཆུང་ཆུང་སྐབས་ལ་མཚོན་ནས་གླེང་ན་ལོ་གསར་ནི་ལོ་འཁོར་གཅིག་གི་ནང་གི་སྤྲོ་སྐྱིད་ཆེ་ཤོས་ཡིན་པ་མ་ཚད་ང་དང་ང་ལྟ་བུའི་ངའི་ལུང་པའི་ཕྲུ་གུ་དག་ལ་མཚོན་ནའང་དེ་ལྟར་ཡིན་པ་སྨྲོས་ཅི་དགོས། དེ་བས་ཀྱང་ངའི་མིག་ལམ་དུ་འཆར་འོང་བ་ནི་ལོ་སར་བསླེབ་རན་ཁར་ཁང་རྩར་གྱི་མི་བུ་དེ་དག་ལ་ལོ་སར་ལ་ད་ཉིན་ག་ཚོད་ཡོད་རེད་ཅེས་འཛུབ་མོས་གྲངས་ཀའང་གཅིག་གཉིས་ནས་བགྲང་པ་གྲངས་ཀྱི་མི་ལོངས། དེར་བརྟེན་ལོ་སར་ཟེར་བ་འདི་དེ་ལྟར་རྩ་ཆེན་ཞིག་ཡིན་པ་ཁྱེད་ཀྱི་མཁྱེན་ངེས་ཡིན་ནོ།
འདི་ལྟར་དུས་ཚིགས་མང་པོ་ཡུན་རིང་བརྒྱུད་མཐར་ངེད་བོད་པ་ཚང་ལ་བསམ་ཡུལ་འདས་པའི་ཆག་སྒོ་འབོར་ཆེན་སླེབས་ཤིང་གཅིག་སྟོང་དགུ་བརྒྱ་ལྔ་ཅུ་ང་དགུ་ནས་བཟུང་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་ངེད་ཚོའི་དམ་པའི་ལྷ་ཆོས་ནས་གླེང་ན་དགོན་སྡེ་སྟོང་ཕྲག་དུ་མ་གཏོར་བཤིག་བྱས་པ་མ་ཟད་སེམས་བསྐྱིད་སོགས་ཆོས་བཅུ་མངོན་སུམ་དུ་རྟོགས་པའི་མཐར་ཐུབ་ཡེ་ཤེས་བརྒྱུད་དུ་མངལ་བའི་བླ་ཆེན་དང་སྤྲུལ་ཆེན་བྱེ་བྲག་ཏུ་སྟོན་པའི་རྗེས་འཇུག་པ་གོས་དམར་གྱོན་ཚད་ལ་སྡུག་སྦྱོང་མནར་བཅོས་གྲངས་ལས་འདས་པ་བྱས་ཡོད་། དེ་བཞིན་དུ་འཇིག་རྟེན་མི་ཆོས་ཀྱི་ངོས་ནས་གནས་པའི་མི་བུ་དེ་དག་ལའང་བརྙས་བཅོས་གྲངས་ལས་འདས་པར་བྱས་ཡོད་པར་སྨོས་མེད་ཡིན། དེ་ནས་རིམ་གྱི་བརྩིས་ན་ཉིས་སྟོང་བརྒྱད་ལོའི་ཞི་རྒཽལ་དང་།
ད་དུང་ཉིས་སྟོང་བཅུ་ལོའི་སྐྱེ་དགུའི་ས་ཡོམ་འོག་ནས་ངེད་ཚོའི་ཤ་ཁྲག་གཅིག་པའི་སྤུན་གྲོགས་ཚོའི་ཚེ་སྲོག་ག་ཚོད་ཤོར་སོང་། དེ་མི་ཚད་མདོ་སྨད་འབྲུ་ཆུ་ཁུལ་དང་། ད་དུང་བྱེས་འབྱོར་བ་ལ་མཚོན་ན་བྱང་ལ་དྭགས་སུ་ཆུ་ལོག་གིས་གནོད་འཚེ་ཚབ་ཆེན་བྱས་པར་ཁྱེད་ཚོས་གསལ་པོ་མཐོང་སོང་དེར་བརྟེན་བདག་གིས་ཁྱེད་ཚོར་ཞུ་དོན་དེ་རིང་གི་ལོ་སར་ནི་གཞས་དང་ཞབས་བྲོ་གླུ་དབྱངས་སོགས་ཀྱི་གར་འབོར་ཆེན་འཁྲོབ་ཚེ་དེ་ནི་གཏན་ནས་མི་འོས་ལ་གལ་ཏེ་དེ་ལྟར་བྱས་ཚེ་གཞིས་བྱེས་གཉིས་ཀྱིས་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་མིང་ཚིག་འདི་ཁ་ནས་བཤད་པ་ཙམ་མ་གཏོགས་དོན་ལ་མི་གནས་པའི་རྟགས་མཚོན་གསལ་པོ་མངོན་ཡོང་བས་རྒྱུ་མཚན་དེའི་ཕྱིར་ན་ཁ་བཤད་ཆུ་ཡི་རྦུལ་བ་དང་ལག་ལེན་གསེར་གྱི་ཐིགས་པ་ཞེས་པའི་དཔེར་ལྟར་ངེད་ཚོས་གཅིག་ཀྱང་གདུང་སེམས་མཉམ་སྐྱིད་ཀྱི་སྒོ་ནས་མྱ་ངན་ཞུ་མ་ཐུབ་ཀྱང་རྒྱག་རྩེད་ནམ་ཡང་སྐོར་མི་ཉེན་ཞེས་སེམས་ཀྱི་སྐད་ཆ་ཚིག་གསུམ་འདི་ཁྱེད་ཚོའི་སར་བརྡོལ་འདོད་པ་ཙམ་ཡིན་ནོ།། །། ཅི་སྟེ་ཡིག་ནོར་དང་གཏགས་ནོ་མཆིས་ཚེ་དགོངས་དག་ཞུ།།