བོད་ཀྱི་ལོ་གསར་གྱི་བྱུང་བ་གླེང་བ།


སྤྱིར་ལོ་གསར་བརྩི་སྲོལ་དང་ལོ་འགོ་འཛིན་ཚུལ་ལ་མི་རིགས་སོ་སོའི་ཆོས་ལུགས་དང་ཆབ་སྲིད་གོམས་སྲོལ་སོགས་སྣ་ཚོགས་ཀྱི་དབང་གིས་ཁ་ཁ་དང་སྣ་མིན་སྣ་ཚོགས་ཡིན།དཔེར་ན་རྒྱ་ནག་ལྟ་བུར་མཚོན་ན་དཔྱིད་གསར་དུས་ཆེན་ཞེས་དཔྱིད་འགོ་ཚུགས་དུས་ལོ་གསར་གཏོང་བ་དང་།ཡང་མིང་གོ་ཡི་ལོ་ཡི་ལོ་ཞེས་གོ་མིང་ཏང་ངམ་མི་སེར་རྒྱལ་ཁབ་ཀྱི་ཡར་ལངས་ཀྱི་དུས་ནས་བརྩིས་པའི་ལོ་དང་ལོ་གསར་ཡང་གཏོང་སྲོལ་ཡང་འདུག ཁ་ཆེ་དང་ཧིན་རྡུ་སོགས་ཀྱི་རང་རང་གི་སྟོན་པས་མཚོན་པའི་ལྷ་སྲུང་དག་གི་འཁྲུངས་སྐར་དང་ཆོས་འཁོར་དང་ཆོ་འཕྲུལ་སོགས་སྟོན་པའི་དུས་ཆེན་དེ་དག་ལོ་འགོ་འཛིན་དང་ལོ་གསར་ལོ་གསར་དུ་སྤྱད་སྲོལ་འདུག དེང་སང་རྒྱལ་སྤྱིའི་ལོ་གསར་དུ་གྲགས་པའི་དུས་ཆེན་དེ་ནི་ཡི་ཤུ་ཡི་སྟོན་པ་འཁྲུངས་ཚེས་སོགས་དང་བསྟུན་ནས་བསྲུང་བརྩི་བྱེད་བཞིན་ཡོད་པ་རེད།

རང་རེའི་བོད་ལ་མཚོན་ན་ལོ་གསར་བསྲུང་བརྩི་བྱ་སྲོལ་དེ་བོད་རྒྱལ་དགུ་པ་པུ་དེ་གུང་རྒྱལསྤྱི་ ལོའི་སྔོན་ལོ་བརྒྱ་ལྷག་ཙམ་གྱི་གོང་གྱི་དུས་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་ ཟླ་བའི་དཀར་ཆའི་འཕེལ་འགྲིབ་དང་། རྒྱུ་སྐར་གྱི་འཁོར་བགྲོད་ལ་བརྟེན་ནས་དུས་བཞི་དབྱེ་བ་དང་།ཟླ་ཚེས་རྩིས་ཏེ་ལོ་འཁོར་མཚམས་ཀྱི་དུས་རྟགས་དེ་ལྷོ་ཁ་ཡར་ལྷ་ཤམ་པོའི་ཁམ་སྡོང་ལ་མེ་ཏོག་ཤར་འཕྲལ་དཔྱིད་ཀྱི་དུས་ཆེན་གཏོང་སྲོལ་ཆགས་པ་དང་དེ་ནས་བཟུང་བོད་ཀྱི་ལོ་གསར་ཐོག་མ་གཏོང་འགོ་ཚུགས་པ་འདུག ནམ་རྒྱུན་མི་ཚོས་ཞོགས་པ་སྔ་མོར་ཡར་ལངས་དུས་ཉིན་གཅིག་བྱ་བ་ལམ་ལྷུང་དང་བགེགས་དང་བར་ཆད་མི་ཡོང་པའི་སླད་དུ་ལྷ་གསོལ་དང་བཀྲ་ཤིས་པའི་རྟེན་འབྲེལ་ཆེ་ཆུང་སྣ་ཚོགས་བསྒྲིགས་སྲོལ་ཡོད་པ་བཞིན།རྒན་མོ་བལ་མའི་རྩིས་ཀྱི་ལོ་འགོ་འཛིན་ཚུལ་དེ་དར་ནས་བཟུང་ལོ་འགོ་འཛུགས་དུས་ལོ་གསར་པ་དེ་གང་པོར་ཁ་དྲོ་བཀྲིས་ཡོང་པའི་སླད་དུ་ཐོག་མར་ལྷ་གསོལ་དང་བཀྲིས་པའི་རྟེན་འབྲེལ་གྱི་དོད་དུ་ཟས་སྣ་དང་གོན་པ་སོགས་གྲ་འདྲ་མིན་བསྒྲིགས་ནས་རིམ་བཞིན་རྟེན་འབྲེལ་གྱི་སྤྲོས་པ་ཆེ་རུ་སོང་ནས་ལོ་གསར་གྱི་དུས་ཆེན་འདི་ཉིད་གྱུར་པར་རེད་སྙམ།

དེང་སང་བོད་ཟླ་དང་པོ་འམ་ཧོར་ཟླ་དང་པོ་ནང་བོད་ཁྱོན་ཡོངས་སུ་ལོ་གསར་མཉམ་གཏོང་བྱ་སྲོལ་དེ་ནི་སོག་པོ་རྒྱལ་བོ་ཇིང་གིར་ཧན་གྱིས་རབ་བྱུང་བཞི་པའི་མེ་བྱི་ལོ་སྟེ།ཕྱི་ལོ་༡༢༡༦ལོར་རྒྱ་རྩིས་ལྟར་ན་དཔྱིད་ཟླ་ར་བའི་ཟླ་བ་༡༡་པའི་ཚེས་༡༨ཉིན་མི་ཉག་ཡུལ་དུ་དམག་དྲངས་ནས་རབ་བྱུང་བཞི་པའི་མེ་ཕག་ཕྱི་ལོ་༡༢༢༧ལོའི་དཔྱིད་ཐ་འབྲུག་གི་ཟླ་བ་སྟེ།རྒྱ་རྩིས་ལྟར་ན་ཟླ་བ་གསུམ་པའི་ནང་ནང་མི་ཉག་ཡོངས་རྫོགས་མངའ་འོག་ཏུ་བསྡུས་ཐུབ་དང་སྟབས་བསྟུན་ནས་དགའ་སྟོན་རྟེན་འབྲེལ་ཞིག་འཚོགས་པ་ཡོད་པ་དེ་ལོ་གསར་པ་དང་གོང་ཚེ་ཉིན་ལོ་འགོ་ལ་བརྩི་རྒྱུ་གཏན་འཁེལ་བྱས་ཡོད། དུས་དེ་ནས་བཟུང་ཧོར་ཡུལ་དུ་ལོ་གསར་གོང་གསལ་གྱི་དུས་ཚེས་ཉིན་གཏོང་སྲོལ་བྱུང་འདུག བོད་བླ་མའི་དུས་རབས་ནང་ས་སྐྱས་བོད་ཁམས་དབང་བསྒྱུར་བྱེད་པའི་དུས་སུ་ཧོར་ལུགས་ལྟར་ལོ་འགོ་འཛིན་ཚུལ་དང་ལོ་གསར་གཏོང་དགོས་པ་ལྟར་བཀའ་ཕེབས་པ་བཞིན་དུས་དེ་ནས་བཟུང་བོད་དུ་ལོ་གསར་དེ་ཧོར་ཟླ་དང་པོ་ནས་གཏོང་སྲོལ་དེ་བྱུང་འདུག་གོ

སྐད་ཆའི་ཁུངས་གཏུགས་སའི་སྐད་ཆ།

དུང་དཀར་ཚིག་མཛོད་ཆེན་མོ།

གཡའ་བཟང་གམ་འབྲོག་པ་ལྷ་རྒྱལ་གྱི་སྒྲུང་དེབ།

བོད་རྒྱ་ཚིག་མཛོད་ཆེན་མོ།

བོད་ཀྱི་རྩིས་དཀར་ནག་གི་ལོ་རྒྱུས།

ཧོར་བོད་ཆོས་ཡོན་སྐོར།

འབྲས་རྩིས་བེེར་དཀར།