བཀའ་བློན། བོད་རྒྱ་ཁོངས་དུ་སྤྲོད་མཁན་ཞིག་ཡོང་གི་རེད་དམ།
ད་ནི་ང་ཚོས་བརྒྱ་བཤད་ཀྱང་སྟོང་བཤད་ཀྱང་། མི་གསུམ་ལས་གཅིག་ཡོང་རྒྱུར་ང་ཚོས་འགོག་དགོས་དོན་མེད་ལ། བཟང་ངན་ཡག་བཙོག་མང་པོ་ཞིག་ཀྱང་གླེང་ཡང་དེ་བས་མི་ཕན། ད་ནི་ང་ཚོས་གང་ཞིག་གླེང་དགོས་པ་དེ་ནི་ང་ཚོས་ཁོང་ཚོ་གསུམ་ལས་སུ་ཞིག་བོད་བྱེས་ཀྱི་བཀའ་བློན་ཁྲི་བའི་སྲིད་སྟེགས་སྟེང་དུ་སླེབས་པ་ཡིན་ན། དེ་ཡིས་བོད་ཕྱི་ནང་གཉིས་ལས་བོད་ནང་གི་ད་ལྟའི་གནས་བབ་ཛ་དྲག་ལ་བསམ་བློ་ཞིབ་མོ་བཏང་ནས། བོད་ནང་གི་བོད་རྒྱ་ཆེ་མི་མང་རྒྱ་ཁོངས་སུ་སྡོད་འདོད་ཡོད་མེད་དེ་ཤེས་དགོས་ཀྱི་ཡོད་པར་སྐུལ་འདེད་གཏོང་དགོས་པ་ཡིན་ལ། བྱེས་སུ་ཡོད་པའི་བོད་མི་བཙན་བྱོལ་བ་དག་གིས་གཉིད་མ་སད་ཀྱི་བཙན་བྱོལ་བའི་རང་གཟུགས་དེ་ལས་བཙན་བྱོལ་བ་ངོ་མ་ཞིག་ཆགས་པར་ཕྱོགས་ངོས་གང་ཐད་ནས་འབད་བརྩོན་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་ཡིན།
དེ་བས་ཀྱང་གལ་ཆེ་བ་ཞིག་ཡོད་པ་དེ་ནི་བཀའ་ཁྲི་གསུམ་ལས་སུ་ཞིག་བཀའ་བློན་ཁྲི་པར་སླེབས་པ་ཡིན་ན། དེ་ཡི་རང་གི་མཛད་དུས་མ་རྫོགས་བར་དུ་རང་ཉིད་ནི་བོད་རྒྱ་ཆེ་གཞིས་ལུས་མི་དམངས་ཀྱི་མགྲིན་ཚབ་པ་ཞིག་དང་བྱེས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་ཡིན་པར་སེམས་སུ་བརྟན་པོར་གཉར་ནས་ཉིན་མཚན་དབྱེར་མེད་དུ་བོད་དོན་དུ་རྒྱལ་ཁབ་གཞན་གྱི་མི་སེར་ལས་དགོངས་པ་ཞུ་དགོས་ཐུག་ཀྱང་ཞུ་དགོས་པ་མ་ཟད། ལས་འགན་གང་ཞིག་བྱེད་པ་ལ་བཙན་བྱོལ་བོད་མིའི་ལག་དེབ་སེར་པོའི་སྟེང་ནས་བྱེད་དགོས་ཀྱི་ཡོད་པ་ཡིན།
བཙན་བྱོལ་བ་ཞིག་གི་དབུ་ཁྲིད་དང་བོད་རྒྱ་ཆེ་གཞིས་ལུས་མི་མང་གི་མགྲིན་ཚབ་པ་བྱེད་པར། བོད་ཀྱི་སྐད་ཡིག་གི་ཆུ་ཚད་ཀྱང་མི་དམན་པ་དགོས་པ་མ་ཟད། བོད་གཞིས་ལུས་གཉིས་ཀྱི་འདོད་དོན་ཡང་རྟོགས་ཐུབ་པར་ག་དུས་ཡིན་ཡང་གྲྭ་སྒྲིག་ཨང་གསར་དགོས་ཀྱི་ཡོད་པ་ཡིན། བོད་ཀྱི་གནད་དོན་ནི་བོད་མི་རིགས་ཤིག་རྒྱལ་ཁབ་ཅིག་གི་ངོ་བོར་གནས་རྒྱུའམ། ཡང་ན། གཞན་གྱི་མངའ་ཁོངས་སུ་སྡོད་རྒྱུ་དེ་གཉིས་ཀྱི་བར་མཚམས་འདིར། ཕྱོགས་དེ་གཉིས་ལ་གང་བོད་རྒྱ་ཆེ་མི་དམངས་ཀྱི་རེ་འདོད་ངོ་མ་དེ་ཡིན་མིན་རྩར་གཅོད་གཏིང་གནད་བྱེད་པའི་ལས་འགན་དེ་ནི་ཉིན་གཉིས་ཀྱི་རྗེས་སུ་སླེབས་སྲིད་པའི་བཀའ་བློན་ཁྲི་བ་དེ་ལ་འགན་ཡོད་པ་ཡིན།
འཛམ་གླིང་ཡུལ་གྲུ་གཞན་དག་ལ་འབྲེལ་བ་དགོས་པ་བཤད་མ་དགོས་པ་ཡིན་ཡང་། རང་དོན་བྱེད་པ་ལ་རང་གི་འགན་འཁུར་བ་ཡིན་དུས། བོད་དོན་བྱེད་པ་ལ་བོད་མིས་འགན་གཙོ་བོ་འཁུར་ནས་ལག་ལེན་དངོས་ཀྱི་སྟེང་ནས་ར་སྤྲོད་མ་བྱས་པ་ཡིན་ན། ཁ་སྙན་པོ་བཤད་པའི་འཛམ་གླིང་གི་སྲིད་དོན་པ་དག་གིས་ག་དུས་ཡིན་ཡང་བོད་དོན་དུ་སྐད་ཆ་སྙན་པོ་རེ་བཤད་པར་དཀའ་ངལ་གང་ཡང་མེད་ལ། དེ་ལ་རྒྱ་ནག་སྲིད་གཞུང་གིས་ཀྱང་ཨ་ལན་སྟེར་མི་དགོས་པ་གསལ་པོ་ཤེས་ཀྱི་ཡོད་པ་དེ་ཡང་བཀའ་བློན་ཁྲི་བ་གསར་བའི་སེམས་བསམ་པའི་གཏིང་ནས་ངེས་ཟིན་ཐོབ་དགོས་ཀྱི་ཡོད།