བོད་ཟེར་བའི་རྒྱལ་ཁབ་ཞིག་མེད་ཀི་ཟེར།
ང་རང་དེང་ཐོག་འདིར་ཡོང་དུས་སུ། ངའི་མཛའ་མོ་དང་ངེད་གཉིས་དགའ་རོགས་ཀྱི་མིང་ཐོག་ནས་ང་རང་རྒྱལ་ཁབ་འདིར་འབྱོར། ང་རང་རྒྱལ་ཁབ་འདི་ལ་འཛུལ་བའི་ལག་ཁྱེར། ཐོངས་ཆེན་སྟེང་དུ་ཡང་ཡུལ་སྐོར་བ་ཞེས་བྲིས་ཡོད་ལ། དེ་ཡང་ཟླ་ངོ་གཅིག་ཏག་ཏག་ལས་མེད། ཐོངས་ཆེན་དེ་རེག་པ་ལ་ཡང་རྒྱལ་ཁབ་འདི་ནས་ཁོ་མོའི་ཕ་མ་གཉིས་ཀྱིས་ང་རང་གི་མིང་ ཐོག་ལ་སྒྲོ་ལོར་བདུན་སྟོང་ལྔ་བརྒྱ་ཞིག་བཞག་འདུག་པ་དེ་ཡི་བཀའ་དྲིན་ཡང་ཡིན་ས་ རེད། ང་རང་རྒྱལ་ཁབ་འདིར་སྟབས་བདེ་བོའི་ངང་ཐར་བ་རེད།
ཟླ་ངོ་གཅིག་འདས་སོང་། དེ་ནས་ཐོངས་ཆེན་ཞུ་རུ་སོང་དུས་སུ། ཟླ་ངོ་གསུམ་རིང་གི་ཡུལ་སྐོར་བའི་ཐོངས་ཆེན་ཞིག་སྤྲད་སོང་། ཟླ་ངོ་གསུམ་གྱི་རྗེས་སུ་ད་གཟོད་ལས་ཀ་བྱེད་ཆོག་པའི་ཐོངས་ཆེན་ཟླ་ངོ་དྲུག་ལ་ རེག དེ་ཡང་རྒྱ་གར་ནས་འཁུར་ཡོང་བའི་ཡིག་ཆ་དེ་དག་གིས་ཕན་ཐོག་ཆེན་པོ་བྱུང་། ཡིག་ཆ་དེ་དག་ནི་ནག་ཅན་མིན་པའི་བདེན་དབང་དུ་གཉེན་རྟོག་པའི་རྒྱབ་གཉེར། སྐྱེས་ཚེས་ལག་ཁྱེར། རྒྱ་གར་ཁྲིམས་དཔོན་ཞིག་གི་ས་ནས་གཞུང་ནས་ཕྱི་ལོག་་སུ་འགྲོ་བར་བཀག་རྒྱ་མེད་ པའི་ཡི་གེ་ཞིག་དང་ཐམ་ག
ལས་ཀ་འཚོལ་བའི་འགོ་བརྩམས། དེ་ཡང་ལམ་འགྲོ་བྱུང་ཟེར་ན་རེད། དཀའ་ལས་ཞེ་དྲག་མ་བྱུང་བར་མགྲོན་ཁང་སྐད་གྲགས་ཅན་ཞིག་གི་ནང་དུ་ལས་ཀ་རེག་སོང་། ཟླ་ངོ་ཁ་ཤས་ཀྱི་རྗེས་སུ་མ་བྱན་ཆེན་མོ་ཆགས། ལས་ཀ་ནི་དངོས་ནས་ཡག་གི ཆ་རྐྱེན་ཡང་བཟང་གི དེ་ནས་མཛའ་མོའི་རེ་འདོད་ལྟར། ལས་ཀ་དེ་ལས་ཐོན་ནས་རྒྱལ་ཁབ་འདིའི་རྒྱལ་ས་རུ་གནས་སྤོར།
ལོ་ངོ་གཉིས་དང་ཕྱེད་ལྷག་གི་རྗེས་ཀྱི་དེ་རིང་ང་ལ་ཁོང་ཚོའི་རྒྱལ་ཁབ་ཀྱི་ཐོབ་ཐང་ལག་ ཁྱེར་སྤྲོད་རྒྱུའི་སྐད་ཆ་བྱུང་བ་ལྟར། ངེད་གཉིས་ཀྱིས་དེ་ལ་ཡིག་ཆ་དག་སྔར་རྒྱུན་ལྟར་གྲྭ་སྒྲིག་བྱས་པ་ཡིན། ཟླ་ངོ་གཉིས་ཀྱི་རྗེས་སུ་དུས་ཆད་བཟོས་པ་ལྟར། དེ་རིང་ནི་ཟླ་ངོ་གཉིས་འདས་པ་རེད་ལ། ངེད་གཉིས་ལས་ཁུངས་སུ་བཅར་བ་ཡིན།
དང་བོ་ཁོ་མོ་ཁྲིད་དེ་བུད་སོང་། ངའི་བུ་མོ་ལ་བལྟས་དེ་ཁོ་མོར་སྒུག་ནས་བསྡད། སྐར་མ་བཞི་བཅུའི་རྗེས་སུ་ང་རང་སྐད་བཏང་སོང་། ནང་དུ་སླེབས་དུས་དྲི་བ་གཏོང་མཁན་ནི་བུད་མེད་གཉིས་རེད། ང་ལ་ཁྱེད་ལ་དྲི་བ་ཁ་ཤས་ཤིག་གཏོང་དགོས་ཀྱི་ཡོད། དེ་ལ་དབྱིན་སྐད་སྟེང་ནས་བྱེད། ཧེས་པོའི་སྟེང་བྱེད་ཟེར། ངས་དབྱིན་སྐད་གདམས་པ་ཡིན།
ངེད་གཉིས་ག་དུས་ཐུག་མིན། ཟླ་ཚེས། ལོ། གཉེན་མ་སྒྲིག་པའི་རྒྱུ་མཚན། ཁོ་མོ་ལ་གཉེན་འབྲེལ་ག་ཚོད་ཡོད་མེད། ང་རང་དེ་དག་དང་འབྲེལ་བ་ཡོད་མེད། ཁོ་མོའི་གྲོགས་པོ་གྲོགས་མོ་ག་ཚོད་ངོ་ཤེས་མིན། ལས་ཀ་གང་བྱེད་བཞིན་པ་དང་གང་བྱས་མྱོང་བ། རླངས་འཁོར་ཡོད་མེད། གཏོང་ཤེས་མིན། དྲི་བ་དེ་དག་ལ་ལན་མི་ཐེབས་པ་གཅིག་ཀྱང་མི་འདུག སྟབས་་བདེ་བོ་རེད། དེ་ནས་དེ་རིང་ནས་ཁྱེད་རང་ལ་ཐོབ་ཐང་ལག་ཁྱེར་རེག་གི་རེད། ཤོག་བུ་འདི་གཉིས་སྐོང་ནས་འདྲ་དཔར་གཉིས་འཁུར་ནས་ཤོག་ཟེར།
བར་སྐབས་ཤིག་ལ་ང་རང་སླར་ཡང་སྐད་གཏོང་གི་འདུག བུད་མེད་ཐོབ་ཐང་ལག་ཁྱེར་བཟོ་མཁན་ར་ཤི་ཡ་བུད་མེད་དེས། ང་ལ་ཁྱེད་རང་གི་རྒྱལ་ཁབ་གང་རེད་ཟེར། ངས་བོད་རེད་ཅེས་བཤད་པ་ཡིན། ཁོ་མོས་ད་ལྟ་ཁྱེད་རང་ལ་ཐོབ་ཐང་ལག་ཁྱེར་སྤྲོད་ཀྱི་ཡོད་པ་རེད། དེ་ཡིན་དུས་ཁྱེད་རང་རྒྱལ་ཁབ་གང་ནས་ཡིན་མིན་འབྲི་དགོས་པ་ཡིན་དུས། ངས་གློག་ཀླད་ནང་དུ་ག་ཚོད་བཙལ་ཡང་བོད་ཟེར་བའི་རྒྱལ་ཁབ་ཞིག་གཏན་ནས་རྙེད་ཐུབ་ ཀྱི་མི་འདུག དེ་ཡིན་དུས་ད་ལྟ་བོད་ཟེར་བའི་རྒྱལ་ཁབ་ཞིག་གློག་ཀླད་ནང་གི་རྒྱལ་ཁབ་སོ་སོའི་ རེའུ་མིག་ནང་དུ་གཏན་ནས་མི་འདུག དགོངས་དག ངས་གང་ལྟར་ས་མིག་ནང་དུ་རྒྱལ་ཁབ་ཞིག་གི་མིང་འབྲི་དགོས་པ་རེད་ཅེས་བཤད་སོང་།
ངས་ཁོ་མོ་ལ་འདི་ལྟར་བཤད། དྲང་བདེན་གྱི་སྐད་ཆ་ཞིག་བཤད་ན། བོད་ཟེར་བའི་རྒྱལ་ཁབ་ཞིག་ཡོད་པ་ཁྱེད་རང་གིས་ཀྱང་ཕལ་ཆེར་ཤེས་ཀྱི་ཡོད་ངེས་རེད།
སྤུན་ཟླ་ཚོ། ཁྱེད་ཅག་ཕྱི་རོལ་རྒྱལ་ཁབ་གང་དུ་ཡོད་དམ། ཁྱེད་ཀྱི་རྒྱལ་ཁབ་དེ་ཡི་ཐོབ་ཐང་ལག་ཁྱེར་བཟུང་ཡོད་ཚེ། དེ་ཡི་སྟེང་དུ་རྒྱལ་ཁབ་གང་གི་མིང་བྲིས་ཡོད་དམ། དྲང་བོར་ལན་རེ་ཐོབས་ཤིག །

