བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ལ་བསྟོད་པ།།
ཕན་ཚུན་ཐུགས་ནི་འོ་ཆུ་ཇི་བཞིན་འདྲེས།།
དྲི་མེད་བསླབ་གསུམ་བདུད་རྩི་བཞིན་དུ་གཙང་།།
འཆད་རྩོད་རྩོམ་པ་དབྱར་རྔ་ལྟར་སྙན་པའི།།
རྒྱལ་བསྟན་དྲི་མེད་འཛིན་འདི་བླ་མ་རུང་།།
རིན་ཆེན་རྒྱ་མཚོའི་གླིང་ནས་ནོར་བུ་དང་།།
སྤོས་ངད་ལྡན་པའི་རི་ལས་དྲི་བཟང་བཞིན།།
ལྔ་རིག་གཙུག་ལག་ཆོས་ཀྱི་གྲོང་ཁྱེར་ནས།།
རྒྱལ་བསྟན་འཛིན་ལ་ཟླ་བྲལ་མཁས་པའི་ཁྱུ།།