ནག་ཐིག

 


ཁྱེད་ཀྱི་གཟི་བྱིན་སྣང་བ་བདེ་མོས་གོམ་པ་ཁྱར་ཁྱོར་དོར་བ་ལས་།།

ས་གཞི་ཆེ་ལ་གང་སར་རྒྱུ་བར་ཁྱེད་ཀྱི་འོད་རྡུལ་གཅིག་གིས་དྲིན།།

སྐྱེས་ཕྲེང་མུ་ཏིག་གཟི་བྱིན་འཕྲོ་བར་སྙན་པ་མེ་ལྕེ་འབར་ན་ཡང།།

བཏང་སྙོམས་དྲི་མས་དྲིན་ལ་མ་ཚོར་གཡོ་འགུལ་གཅིག་གིས་ནག་ཐིག་བཏབ།།


གོ་འཁྲབ་སེམས་ཀྱིས་འགྱུར་མེད་མ་འཆང་བསེར་བུ་ལྡང་བའི་གྲོགས་བྱས་ན།།

གང་དུ་བསྐྱུར་བར་རྣམ་རྟོག་སྒྱུ་མས་སྤྲུལ་གཞི་ཉིད་དུ་རང་སར་བསྒྱུར།།

ཤུབས་ཀོག་བཟང་བའི་བུ་རམ་དེ་ལ་རོ་མངར་ནུས་པ་ཤི་བས་ན།།

ལོ་རྒྱུས་བཟང་རབས་སྒྲགས་པ་ཙམ་ལས་ལག་པས་འཆང་བར་ཕྲ་མོར་གྱུར།།


སེམས་ཀྱི་རྙོག་འཛིང་འཛུམ་མོ་ཀེར་ཏེ་སོ་ཁའི་ལམ་དུ་བཞག་པ་ལས།།

ཆ་ལུགས་བཟང་ཡང་མདའ་མོའི་གཏད་ཁ་ཆགས་སྡང་ལམ་གྱི་སྣ་་མོ་འཇུས།།

མི་མངོན་ཁོག་ཏུ་རྙོག་འཛིང་དེ་ནི་མཐོ་དམན་ཀུན་གྱིས་རེ་བས་ན།།

ངོ་གདོང་ལྡོག་པས་པགས་གཉིས་གོས་ལ་རིན་ཐང་འཚོལ་བའི་དུས་རབས་གྱུར།།