ཨ་རིས་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་གསལ་བསྒྲགས།
ཟླ་འདིའི་ཚེས་༡༠ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་གཞུང་གིས་ཞིབ་དཔྱོད་ཀྱི་ཐོག་ནས་ལོ་ལྟར་འཛམ་གླིང་འདིའི་རྒྱལ་ཁབ་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་གཞུང་འབྲེལ་གྱིས་ཁྱབ་བསྒྲགས་བྱེད་སྲོལ་ཡོད་པ་བཞིན། ༢༠༡༠ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དེ་ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཧི་ལ་རི་ཁི་ལིན་ཊོན་མཆོག་གིས་གསལ་བསྒྲགས་གནང་ཡོད་པ་དང་། སྙན་ཐོ་དེའི་ནང་འཛམ་གླིང་འདིའི་རྒྱལ་ཁབ་༡༩༠ ཙམ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་བཀོད་ཡོད་པ་རེད།
རྒྱ་གཞུང་གི་བཙན་གནོན་འོག་ཡོད་པའི་བོད་དང་ཤིན་ཅང་གཉིས་ཀྱི་གནས་ཚུལ་འཁོད་ཡོད་པའི་ནང་བརྗོད་དོན། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་མཆོག་ལ་མུ་མཐུད་ཉེས་འཛུགས་དང་བོད་མི་རྣམས་ལ་བཙན་གནོན་བྱེད་ཀྱི་ཡོད་པ་དང། ༢༠༠༨ ལོར་བོད་ནང་ཞི་རྒོལ་ཆེན་པོ་བྱས་ནས་བཟུང། ལས་འགུལ་བ་དང་འབྲེལ་ཡོད་ཀྱི་མི་སྣ་རྣམས་ཉེས་འཛུགས་སྣ་ཚོགས་བྱས་ཏེ། གཞུང་འཛིན་པ་ཚོས་འགྲོ་བ་མིའི་ཐོབ་ཐང་སྣང་མེད་བཏང་ཡོད་པའི་ཁྲོད་ནས། ཞི་རྒོལ་བ་ཚོ་བསད་པ་དང་གནར་གཅོད་བཏང་བ། གློ་བུར་དུ་འཛིན་བཟུང་བྱས་པ། ཁྲིམས་བཤེར་མེད་པ་བཀག་ཉར་བྱས་པ་སོགས་ནི་ཉེན་ཚབས་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་དང། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ། ད་ལྟའི་སྐབས་ལ་སེམས་འཚབ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་དང། དེ་བཞིན་ཤིན་ཅང་ནང་གི་ཡུ་གུར་མི་རིགས་ཚོ་ལའང་བཙན་གནོན་བྱེད་བཞིན་ཡོད་པ་རེད་ཅེས་འཁོད་ཡོད་པ་རེད།
ཡང་སྙན་ཐོ་དེའི་ནང་རྒྱ་རིགས་ཁྲིམས་རྩོད་པ་དང་ལས་འགུལ་བ། དྲ་རྒྱའི་ནང་ཟིན་བྲིས་སྤེལ་མཁན། གསར་འགོད་པ་སོགས་བཀག་ཉར་དང་བཙོན་འཇུག་བྱེད་བཞིན་ཡོད་པ་དང། སྤྱི་ཚོགས་ཀྱི་ཞབས་ཞུ་སྒྲུབ་མཁན་རྣམས་ཀྱི་སྨྲ་བརྗོད་རང་དབང་དང་ལས་དོན་ཁྱབ་བསྒྲགས་ཡོངས་རྫོགས་བཀག་འགོག་བྱེད་ཀྱི་ཡོད་པ་མ་ཚད། དེ་དག་གི་བཟའ་ཟླ་དང་ཕྲུ་གུ་སོགས་ཀྱང་བཀག་ཉར་བྱེད་བཞིན་ཡོད་པ་ནི། འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་བརྩི་སྲུང་མ་བྱས་པའི་ཐོག དེ་ལས་ལྡོག་སྟེ་རྩིས་མེད་རྡོག་རོལ་དུ་བཏང་བ་ཞིག་ཡིན་པས་ངེས་པར་དུ་གཞུང་དང་དེ་འབྲེལ་གྱི་དཔོན་རིགས་ཚོས་དང་ལེན་བྱེད་དགོས་ཞེས་བཀོད་ཡོད་པ་རེད།།
{jcomments on}

 
							