རྟ་བྲག་ས་འགུལ་ནི་ཐེངས་འདི་གཅིག་པོ་ག་ལ་ཡིན།


 

ཤུགས་ཚད་གཉིས་ཅན་པ་དེ་རྟའུའི་ས་ཕྱོགས་ཀུན་ཏུ་སླེབས་སོང་ཟེར།  རྟའུ་ཁང་གསར་བའི་གྲོང་པ་ཁ་ཤས་ཤིག་མ་ཎི་འཚོགས་ཡོད་འདུག་མ་ཎི་འཚོགས་སའི་ཁང་པའི་ནང་ཅོག་ཙེ་དང་ཕོར་པ་ཆུ་ཟོམ་སོགས་གཡོ་འགུལ་གྱི་ཤུགས་ཚད་གང་ལ་གང་འཚམས་ཐེབས་ཡོད་ཟེར། བྲག་འགོའི་གྲོང་གསེབ་ཁ་ཤས་སུ་ཁང་པ་རེ་གཉིས་བསྒྱེལ་ཡོད་པའི་གནས་ཚུལ་ཐོན་འདུག་ལ་སྡོད་ཁང་མང་པོར་གནོད་སྐྱོན་ཐེབས་ཡོད་པ་རེད། མི་བསད་པའི་ལོ་རྒྱུས་མི་འདུག་ཀྱང་།  ཐོག་ཁ་ནས་མཆོང་པ་དང་།  ནང་ནས་ཕྱིར་བྲོས་པ་སོགས་ཀྱི་སྐབས་རྐང་ཚིགས་ལོག་པ་དང་།  བརྡེབ་སྐྱོན་ཤོར་བའི་གནས་ཚུལ་བཤད་རྒྱུ་འདུག  ད་དུང་བྲག་འགོ་ཕྱོགས་སུ་ཅོག་ཙེ་སྒང་གི་ཤེལ་དམ་དང་ཇ་དམ་སོགས་སར་གཡུགས་པའི་ལོ་རྒྱུས་འདུག

སྤྱིར་རྟའུ་དང་བྲག་འགོ་གཉིས་ལ་ལོ་བཅུ་ཕྲག་གཅིག་གཉིས་མཚམས་སུ་ས་འགུལ་རེ་བརྒྱབ་རྒྱུའི་ལོ་རྒྱུས་ཐོག་ཐེངས་ཤས་བྱུང་མྱོང་ཡོད།  ང་ཆུང་དུས་༧༣་ཟླ་བ་༠༢ཚེས་༠༦ཉིན་བྲག་འགོ་ལ་ས་ཡོམ་ཤུགས་ཚད་༧.༩བརྒྱབས་ནས་མི་གྲངས་༢༡༧༥་བསད་པ་ཡོད་པ་རེད།མི་གྲངས་༢༧༥༦ལ་རྨིས་སྐྱོན་ཕོག་ཡོད་པ་རེད།  གཤིས་ཆུ་ཆུ་བོའི་ནང་མི་རོ་ཉིན་མཚན་ཁ་ཤས་རིང་ཁུར་ཡོང་བ་ང་ཚོ་ཕྲུ་གུ་ཆུང་ཆུང་ཚོས་ལྟད་མོ་བལྟ་བར་ཕྱིན་པའི་གནས་ཚུལ་ད་དུང་ཡང་དྲན།  སྐབས་དེར་ཞེད་སྣང་ཚ་བ་ཞིག་ལ་ང་ཚོ་ཆུ་རྐྱལ་བར་འགྲོ་སྐབས་ཆུ་འགྲམ་དུ་མི་རོ་འཇིགས་སུ་རུང་བ་དྲི་མ་ཚ་བ་དེ་འདྲ་ཟླ་བ་མང་པོ་རིང་ཡར་ཙམ་མར་ཙམ་བཀྲམས་ཡོད་པ་མཐོང་རྒྱུ་ཡོད།  གྲོང་པའི་ཕོ་གསར་ཚོས་ཆུ་འགྲམ་དུ་འགག་པའི་མི་རོ་དེ་ཚོ་སླར་ཡང་ཆུར་བསྐྱལ་བའང་དྲན་དུས་སྐབས་དེར་རྟའུ་ལ་བྲག་འགོ་ནང་བཞིན་མི་བསད་གོད་ཀ་དེ་འདྲ་བྱུང་མེད་ནའང།  མི་ཚང་མ་དངངས་སྐྲག་གིས་ཁང་པའི་ནང་མ་བསྡད་པར་གུར་དང་རྩྭ་ཁང་ངམ་སྤྱིལ་བུ་ཕུབ་ནས་བསྡད་དགོས་བྱུང་བ་རེད།  ང་ཚོ་ཕྲུ་གུ་ཆུང་ཆུང་ཚོ་ལ་ནི་གུར་ནང་གི་འཚོ་བ་དེ་སྐྱིད་སྣང་ཞིག་སྐྱེས་ཀྱི་ཡོད།

དེའི་རྗེས་༨༡ཟླ་བ་༠༡་ཚེས་༢༤ཉིན།རྟའུ་ལ་ས་འགུལ་ཤུགས་ཚད་༦.༩བརྒྱབས་ནས་ཁང་པ་༢༩༩༢གཏོར་བཤིག་བཏང་ཞིང་།མི་༡༢༣ལ་སྲོག་སྐྱོན་བྱུང་།མི་གྲངས་༤༨༩རྨིས་སྐྱོན་ཐེབས་ཡོད།དེ་ལྟར་རྟའུར་ས་ཡོམ་ཤུགས་ཆེན་པོ་བརྒྱབས་པ་ཡིན་ཡང་།  སྐབས་དེར་བྲག་འགོར་ཤུགས་ཆུང་ཆུང་ལས་བརྒྱབས་མེད་པ་དང་།  རྟའུ་ལུང་པའི་གང་སར་མི་གང་ལ་གང་འཚམས་བསད་པ་རེད།  གྲོང་པ་ཁ་ཤས་ལ་ནང་མི་ཚང་མ་བསད་པ་དེ་འདྲ་ཡང་བྱུང་ཡོད་པ་དྲན།  སྐབས་དེར་ཨོྃ་མ་ཎི་པདྨེ་ཧཱུྃ།ངའི་ཨ་སྲུ་ཞིག་གི་བུ་ཡང་དེར་བསད་པ་རེད།  ལོ་དེར་ང་ནི་འབྲིང་རིམ་སློབ་གྲྭའི་ལོ་རིམ་དང་པོའི་སློབ་ཕྲུག་ཅིག་ཡིན།  རེས་གཟའ་སྤེན་པའི་དགོང་མོར་ཀི་ལོ་མི་ཊི་༡༨ཙམ་ཡོད་པའི་རྫོང་ཐོག་ནས་ངའི་་་གྲོང་པ་སྒུག་ཐང་ལ་གུང་གསེང་སོང་ཡོད།  དེའི་དགོང་མོ་ས་འགུལ་བརྒྱབས་ནས་ང་ཚོ་ཁང་པའི་རྩིག་པ་ཡོངས་རྫོགས་ས་ལ་གཏོར་ཞིང་བཤིག་ཡོད་པ་དང་།  དེ་བཞིན་གྲོང་པ་ཁྱིམ་མཚེས་ཚང་མའི་ཁང་པ་གཏོར་བ་དང་རྒྱ་ལམ་དང་རྩྭ་ཐང་སོགས་དུམ་བུ་གཉིས་ལ་གས་ནས་གས་སྲུབས་ཆེན་པོ་མི་ཟགས་མི་ཡོང་ངམ་སྙམ་པ་དེ་འདྲའང་མཐོང་ཐོས་དངོས་སུ་གྱུར་ཏོ།།

སང་ཉིན་སྔ་མོ་ངའི་ཚ་བོ་ཞིག་དང་ལི་ཁོག་མའི་བྲོག་པ་ཞི་ལི་གཉིས་བཅས་ང་ཚོ་མི་བཞི་རྟ་བཞོན་ནས་རྟའུ་རྫོང་ཐོག་ཏུ་སོང་བ་ཡིན།  ལམ་དུ་ས་རྡོ་ཞིག་ནས་མོ་ཊ་ཡང་ཐར་དཀའ་བ་ཆགས་འདུག   ང་ཚོ་རྫོང་ཐོག་ཏུ་འགྲོ་དགོས་དོན་ནི་ངའི་ཨ་མ་རྫོང་ཐོག་ཉ་མཚོ་དགོན་པའི་ནང་ངའི་གྲྭ་ཤག་ཏུ་ཡོད་པ་དང་།  སྐབས་དེར་དགོན་པའི་ནང་རང་རེ་བོད་རིགས་མི་སྐྱ་དང་།  རྒྱ་མིའི་ལས་བྱེད་པ་དང་།  མི་ཚང་དེ་འདྲ་ཕག་པ་གསོ་མཁན་དང་བྱ་དེ་གསོ་མཁན་དེ་འདྲ་དཔེ་མང་པོ་མཐོང་རྒྱུ་འདུགང་ཚོ་ཨ་ཁུ་དང་ཨ་ཞང་ཕ་མེས་ཡང་མེས་ནས་བཞེངས་པའི་ངའི་གྲྭ་ཤག་དེའང་རྒྱ་གཞུང་གིས་གཞུང་བཞེས་བཏང་པ་དུས་ཕྱིས་སུ་ཡང་ང་ཚོ་ལ་ཕྱིར་སློག་ནས་ཨ་མ་དང་ངའི་ཇོ་ཇོ་ཆུང་ཤོས་ང་ཚོ་གསུམ་ཁང་པ་དེའི་ནང་བསྡད་ཀྱི་ཡོད།  དེ་ནི་ང་ལ་རྒྱ་ཡིག་བསླབ་པའི་ཆེད་དུ་རེད ་ལ་རྫོང་ཐོག་ནས་ཇོ་ཇོས་ཡོང་འབབ་གསོག་བདེ་བའི་ཆེད་དུའང་རེད།  དེ་དུས་དགོན་པར་གྲྭ་བ་གཅིག་ཀྱང་ཡོད་མ་རེད།  ས་ཡོམ་བརྒྱབས་རྗེས་ང་ཚོའི་དགོན་པའི་ནང་དགེ་འདུན་པ་ག་ལེ་ག་ལེར་འདུས་ནས་ཚོགས་ཆོས་སློབ་གཉེར་བྱེད་འགོ་བཙུགས་པ་རེད།  སྐབས་དེར་གུང་ཁྲན་ཏང་གི་གྲུང་ཨུ་ཚང་འཚོམས་ཀྱི་གྲོས་ཚོགས་གསུམ་པའི་དགོངས་དོན་ཟེར་བ་ལྟར་(ཏིང་ཞོའོ་ཕིང་)ཆོས་སྒོ་ཕྱེ་བ་ཞིག་རེད་དེ་ནས་བཟུང་བདག་ཀྱང་ཕ་དམ་པས་ལམ་སྟོན་འོག་རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་ན་བཟའ་ལུས་ལ་འཆང་བའི་དགེ་ཚུལ་ཞིག་བྱས་པ་ཡིན།  ང་ཚོའི་གྲྭ་ཤག་དེ་ཆེན་པོ་ཡོད་པས་སྐབས་དེར་ཏྲེ་བོ་རིན་པོ་ཆེ་ཡབ་ཡུམ་གཉིས་ཀྱང་ང་ཚོའི་ཁང་པ་ནང་ཁང་གླ་མེད་པར་བཞུགས་སུ་གསོལ་བ་རེད།  ཡང་བྲག་འགོ་ཁྱ་ནང་བླ་མའི་སྲིང་མོ་ཞིག་རྫོང་མི་མང་སྨན་ཁང་དུ་སྨན་བསྟེན་པར་ཡོང་ནས་ང་ཚོའི་ནང་བསྡད་ཡོད་པ་རེད།  དེར་བརྟེན་ང་་ཚོ་རྟ་བཞོན་ནས་འགྲོ་དགོས་པ་ནི་ཁོང་ཚོར་སེམས་འཁྲལ་དང་སེམས་ཁུར་གྱིས་ལྟ་བར་སོང་བ་ཞིག་གོ།།

ངའི་ཕ་དམ་པས་བཤད་པ་ལྟར་ན་རྟ་ཟོག་སེམས་ཅན་གྱི་ས་འགུལ་ཡོང་བ་ཧ་གོ་ཡི་རེད་ཟེར།  རེས་གཟའ་སྤེན་པའི་དགོང་མོ་ང་ནང་དུ་གུང་གསེང་སླེབས་སྐབས་ང་ཚོའི་རྟ་དེ་ཚོ་དེའི་ནུབ་མོར་ཁང་པའི་སྒོ་རའི་ནང་དུ་འཛུལ་ཡོང་རོགས་མ་བྱས་ཀྱང་།  ས་ཡོམ་རྒྱག་རྒྱུའི་སྔ་ལྟས་ཡིན་པའི་ཤེས་རྟོགས་གང་ཡང་བྱུང་མེད་པ་རེད།  ངའི་ཨ་མས་བཤད་པ་ལ་དེའི་དགོང་མོ་ང་ཚོའི་ནང་གི་ཞི་མི་དེ་ཡང་མཐོང་རྒྱུ་མེད་པ་ཆགས་འདུག་ཟེར་རོ།།

སྤྱི་ལོ་༡༩༢༣་ཟླ་བ་༠༣ཚེས་༢༤ཉིན་རྟའུ་དང་བྲག་འགོ་གཉིས་ལ་ས་ཡོམ་ཤུགས་ཚད་༧.༢༥བརྒྱབས་ནས་བྲག་འགོ་མི་གྲངས་༣༠༠༠ཙམ་བསད་ཡོད་པ་དང་།རྟའུ་ལ་མི་གྲངས་༡༥༠༠ཙམ་བསད་ཡོད་པ་རེད།ས་འགུལ་གྱིས་ཁྱབ་ཚད་ཀི་ལོ་མི་ཊི་༤༠ཙམ་ཡིན་པ་རེད།སྐབས་དེའི་སྡོད་ཁང་གི་སྤུ་ཚད་དེ་དེང་སང་བཞིན་མེད་པས་མི་མང་པོ་བསད་པ་ཞིག་མིན་ནམ་སྙམ་སྟེ་དེང་སང་རྟའུ་དང་བྲག་འགོ་སོགས་སུ་པང་ཁང་བརྒྱད་ནས་བཅུ་བར་ཐོག་འོག་ཡོངས་སུ་བཞག་ནས་ས་ཡོམ་སྐྱོབས་ཐབས་བྱེད་ཀྱིན་ཡོད་ལ།ངས་བསམས་པ་ལ་སྤྱི་ལོ་༡༩༢༣ནས་མི་ཚོས་པང་ཁང་བཟོ་རྒྱུའི་རིག་པ་དེ་གསར་དུ་རྙེད་པ་ཞིག་མིན་ནམ་སྙམ།དེ་རིང་སང་ཉིན་རང་རེའི་རྟའུ་ལ་ནི་ཤུགས་ཚད་བཅུ་ཙམ་སླེབས་ནའང་ཁང་པ་བཤིག་མི་ཐུབ་པ་ལྟ་བུའི་གནས་ཚད་ཅིག་སླེབས་འདུག་གོ།།

ཡང་ཡུ་ཤུལ་དུ་ས་ཡོམ་རྒྱག་སྐབས་ཀྱང་རྟའུ་ལ་ཡང་ས་ཡོམ་ཤུགས་ཚད་༤.༥ཙམ་སླེབས་ཡོད་པ་རེད།

ད་ལོ་༢༠༡༡༠༤༡༡ཉིན་བརྒྱབས་པའི་རིམ་པ་༥.༣ཅན་དེའང་༨ལོར་སླེབས་པ་ནས་བརྩིས་ན་ལོ་བཅུ་ཕྲག་གཉིས་ཀྱི་རྗེས་སུ་བརྒྱབས་པ་ཞིག་རེད།  ང་ཚོ་ཆུང་དུས་རྒན་རྒོན་ལོ་ལོན་ཚོས་རང་རེའི་ལུང་པར་ས་ཡོམ་མ་བརྒྱབས་ནས་ལོ་བཅུ་གྲངས་ཤིག་ཕྱིན་སོང་།  ཡང་ས་ཡོམ་ཞིག་རྒྱག་མི་ཡོང་ངམ།   གལ་ཏེ་ས་ཡོམ་བརྒྱབ་ན་ས་འགུལ་གྱི་འཇིག་པ་ལས་ཐར་ཐབས་དང་།  བྱོལ་ཐབས།  འབྲོས་ཐབས་སོགས་འདི་འདྲ་དང་འདི་འདྲ་བྱ་དགོས་ཞེས་སློབ་སྟོན་བྱས་པ་དྲན་ནོ།།

སློབ་སྟོན་དེ་དང་དེང་རབས་ཚན་རིག་པའི་སློབ་སྟོན་དབར་མཐུན་པའང་མང་པོ་ཞིག་འདུག་པའི་ཚོར་སྣང་བྱུང་།  སྤྱིར་གནའ་མིས་གཏམ་དཔེ་དང་།  དཔྱད་གཏམ་ཚང་མ་ཡང་དག་པའི་གནས་ལུགས་དང་མཐུན་པ་ཤ་སྟག་མིན་ཡང་དེ་ལ་དོ་སྣང་རྩ་ནས་བྱ་མི་འོས་པ་ཞིག་གཏན་ནས་མ་རེད།  དཔེར་ན།  གནའ་མིའི་གཏམ་དཔེར།  ཁམ་བུ་དགོས་ན་ཁམ་སྡོང་འོག་ཏུ་སོང་།  །དུག་ཤིང་སྡོང་པོས་ཁམ་བུ་སྟེར་དོན་མེད།  །ཅེས་དང་།  ཡང་།  ཁོ་བོའི་ཡབ་ཆེན་གྱིས།  ཁྲ་ཆུང་མིག་དང་མ་བྲལ་ན།  །འཛམ་གླིང་ལྟད་མོ་གར་ལྟ་ཡིན།  །རིན་ཆེན་སྲོག་དང་མ་བྲལ་ན།  །འཛམ་གླིང་རྒྱུ་དང་ཐུན་མོང་ཡིན།།  ཡང་།  ཟས་ཟ་དུས་མགོ་ཁྱོགས།  །གཏམ་བཤད་དུས་གྲོས་ཉོན།  །ཟེར་བ་སོགས་ནི་སྲོལ་རྒྱུན་དམ་པའི་ཆོས་དང་མཐུན་ཞིང་།  དེང་རབས་ཚན་རིག་གི་འཇིག་རྟེན་དང་ཡང་མཐུན་པས་ངེས་པར་དུ་ལེགས་སྤེལ་ཉེས་འགོག་ལ་བློ་རྒྱ་ཆེར་བསྐྱེད་བྱ་རྒྱུ་ནི་ང་ཚོ་བོད་པ་ཚོང་ལ་ལྟོས་ནས་བཤད་ན་ཆེས་འོས་ཤིང་ཆེས་འཚམས་པ་ཞིག་ཡིན་སྙམ་མོ།།